དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་དུ“གཉིས་འཕར”མངོན་འགྱུར་བྱུང་ནས་ལོ་ལེགས་ཡོང་རེ་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-11-05

    འདི་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་ལྗང་མདོག་སྐྱེ་ལྡན་གྱི་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་རྒྱུར་དམ་འཛིན་བྱས་ཏེ་བཀོད་གཏོང་ལ་དམ་འཛིན་དང་། མྱུར་ཚད་མགྱོགས་གཏོང་། སྤུས་ཚད་མཐོར་གཏོང་བཅས་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི“བྱ་སྤྱོད་ཆེན་པོ་བརྒྱད”དང་དེང་རབས་ཞིང་ལས་ཀྱི་སྤུས་ཚད་མཐོར་གཏོང་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་འབྲེལ་ཐོན་ལས་གླིང་དང་། ཐོན་ལས་ཁྱུ་ཚོགས། གཙོ་གནད་རྣམ་གྲངས་བཅས་སྔ་རྗེས་སུ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བས། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར་206.9ཟིན་པ་དེ་དུས་མཚུངས་ལས་4.2%འཕར་ཡོད། མིག་སྔར་འབྲུ་རིགས་ཀྱི་ཐོན་འབབ་བརྟན་པོ་ཡོང་རྒྱུ་གཏན་འཁེལ་ཟིན་ནས་དང་ལོ་ལེགས་ཡོང་རེ་ཡོད་ལ། སྔོ་ཚལ་གྱི་རྒྱ་ཁྱོན་དང་ཐོན་འབབ་ཀྱང“གཉིས་འཕར”མངོན་འགྱུར་བྱུང་ཡོད་པ་རེད།

    འབྲུ་རིགས་ཐོན་སྐྱེད་ལ་གདེང་ཚོད་ཡོད་པ།

    ལོ་ཏོག་འདེབས་ཁྱོན་ཉེ་བའི་ལོ་བཅུའི་རིང་གི་འདེབས་ཁྱོན་ཆེ་ཤོས་ནས་སྔོན་དཔག་གི་འབྲུ་རིགས་ཐོན་འབབ་ཏུན་ཁྲི་109.9ཡན་ཟིན་པ་དང་འབྲེལ། རྒྱལ་ཁབ་ཀྱིས་གཤམ་སྤྲོད་བྱས་པའི་ཐོན་སྐྱེད་དམིགས་ཚད་ལས་འགན་ཚད་བརྒལ་ངང་ལེགས་སྒྲུབ་བྱེད་པར། ཞིང་ཆེན་ཡོངས་ཀྱིས“རྒྱལ་ཁབ་ཀྱི་དོན་ཆེན”ཡིན་པའི་འབྲུ་རིགས་ཐོན་སྐྱེད་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ནས་བཟའ་འབྲུའི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ“ཞིང་གསུམ”ལས་དོན་གྱི་གནས་བབ་གལ་ཆེན་དུ་བཞག་ཡོད་པ་རེད།

    “རྨོ་འདེབས་བྱས་པ་ནས་བཟུང་ཞིང་ཆེན་ཡོངས་ཀྱི་གནམ་གཤིས་ཡག་པ་དང་ཆར་ཆུ་འབེལ་པོ་ཡོད། སྤྱིར་ན་ས་ཁུལ་ཉུང་ཤས་ཤིག་ལ་སད་སེར་ཐན་གསུམ་གྱི་གནོད་འཚེ་ཐོན་ཡང་གནོད་ཁྱོན་དང་ཤུགས་རྐྱེན་ཅུང་ཆུང་བ་ཡོད”གནམ་གཤིས་ཀྱི་ལེགས་ཆ་ནི་འབྲུ་རིགས་ཀྱི་ཐོན་འབབ་བརྟན་པོ་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་ཞིང་། གདེང་ཚོད་ནི་མཚོ་སྔོན་ཞིང་ཆེན་གྱིས་ས་བོན་དང་རྨོ་ཞིང་གི་གཙོ་གནད་ཆེན་པོ་གཉིས་ལ་དམ་འཛིན་བྱེད་པ་ལས་བྱུང་བ་ཞིག་ཡིན་པས། “ལག་རྩལ་ལ་བརྟེན་ནས་འབྲུ་རིགས་གསོག་པ”དང“ས་ཞིང་ལ་བརྟེན་ནས་འབྲུ་རིགས་གསོག་པའི”འཐབ་ཇུས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་ཞིག་རེད་ཅེས་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་འདེབས་འཛུགས་ལས་རིགས་ཁྲུའི་འགན་འཁུར་བ་ལིའུ་ཏེ་གོས་ངོ་སྤྲོད་བྱས།

    ལྗང་མདོག་འཕེལ་རྒྱས་གཏོང་བར་ངར་ཤུགས་ལྡན་པ།

    ས་ཁམས་ཀྱི་ཆ་རྐྱེན་དང་འདེབས་འཛུགས་ཀྱི་ལེགས་ཆར་བརྟེན་ནས་མཚོ་ཤར་གྲོང་ཁྱེར་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་གིས་ཞིང་ཆེན་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་སྔོན་བསྟར་དཔེ་སྟོན་རྫོང་འཛུགས་སྐྱོང་ལ་གཞིགས་ཏེ་ཚད་གཞི་མཐོ་བའི་སྔོ་ཚལ་ཐོན་སྐྱེད་རྟེན་གཞི་ཁག་གཅིག་བསྐྲུན་ཡོད། ད་ཆ་ཡུལ་ལུང་དེ་གའི་སྔོ་ཚལ་ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་མཚོ་ཁུག་ཆེན་པོའི་ཁུལ་གྱི་མི་དམངས་ཀྱི་ཚལ་རིགས་གདམ་གར་གྱུར་ནས་མཐོའི་སྔོ་ཚལ་ཕྱིར་གཏོང་ལ་སྐུལ་སྤེལ་ནུས་ལྡན་བཏང་བ་དང་། མཚོ་སྔོན་གྱི་སྔོ་ཚལ་ཞིང་ཆེན་དང་། ཤང་ཀང་ཨའོ་མོན། རྒྱལ་ཕྱི་བཅས་ལ་ཕྱིར་ཚོང་བྱེད་ཤུགས་ཆེ་རུ་སོང་ནས་སྔོ་ཚལ་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་འཕར་ཡོད།

    འདི་ལོ་མཚོ་སྔོན་ཞིང་ཆེན་གྱིས་ས་མཐོའི་འཁྱག་བསིལ་སྔོ་ཚལ་ཐོན་ལས་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་ལག་བསྟར་བསམ་འཆར་བཏོན་ནས་ཤ་མོ་འཕེལ་རྒྱས་གཏོང་བའི་ལོ་གསུམ་བྱ་སྤྱོད་ཀྱི་ཇུས་གཞི་བཟོས་ཤིང་། སྒྲིག་བཀོད་དྲོད་ཁང་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ་དང་སྐྱེ་ལྡན་ལྗང་མདོག་སྔོ་ཚལ་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། གཞི་ཁྱོན་ཅན་གྱི་སྒོ་ནས་ཤང་ཀང་དང་ཨའོ་མོན་ལ་མཁོ་འདོན་བྱེད་པའི་ཐོན་སྐྱེད་ཕྱིར་གཏོང་རྟེན་གཞི་ཁག་གཅིག་བཙུགས་པ། སྔོ་ཚལ་སྤྱི་ཆིང་ཁྲི་4.23བཏབ་ནས་0.9%འཕར་བ། ཐོན་འབབ་ཏུན་ཁྲི་131ཟིན་ནས་སྔོན་དཔག་བྱས་ན་ལོ་ཧྲིལ་པོར་ཏུན་ཁྲི་152ཟིན་རྒྱུ་རེད།

    ཟླ་9པའི་ཟླ་མཇུག་བར། ཞིང་ཆེན་ཡོངས་ཀྱི་ནོར་ལུག་བཤས་གཏོང་བ་དང་ཕྱུགས་རྒྱུད་སྤེལ་ཚད་དུས་མཚུངས་ལས་མང་དུ་ཕྱིན་པ་དང་། ཕག་ཤའི་ཐོན་ནུས་རིམ་བཞིན་སླར་གསོ་བྱུང་སྟེ་ཞིང་འབྲོག་ཐོན་རྫས་ཀྱིས་ཁྲོམ་རའི་དགོས་མཁོ་འདང་ལ་རིན་ཐང་བརྟན་པོ་ཡོད་པ་རེད།

    གྲོང་གསེབ་འཛུགས་སྐྲུན་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ།

    གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱས་ཚུན། གྲོང་གསེབ་འཛུགས་སྐྲུན་བྱེད་པ་དེ་ཞིང་ཆེན་དེ་གའི་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འདེགས་སྐྱོར་གལ་ཆེན་དུ་གྱུར་ཡོད། འདི་ལོ་ཞིང་ཆེན་དེས་ཀྲེ་ཅང་གི“ཁྲི་སྟོང་གི་འདུ་འགོད”དེ་མཚོ་སྔོན་དུ་ལག་ལེན་བསྟར་བའི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་དང་། ཞིང་འབྲོག་པའི་འཚོ་སྡོད་ཆ་རྐྱེན་ལེགས་གཏོང་། གྲོང་གསེབ་དུད་ཁྱིམ་གྱི་གསང་སྤྱོད་སོགས་དམངས་འཚོའི་འདུ་འགོད་ལ་སྐུལ་འདེད་བཏང་བས་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཁྱོན་ཡོངས་ལ་ཁྱབ་ཡོད་པ་རེད།

    དེ་དང་ཆབས་ཅིག་གྲོང་གསེབ་ཀྱི་ཁོར་ཡུག་རིམ་གྱིས་ལེགས་སུ་ཕྱིན་པ་དང་བསྟུན་ནས་དམངས་འཚོའི་གསང་སྤྱོད་ཀྱི་གསར་བརྗེ་ཡང་ཞིང་ཆེན་ཡོངས་སུ་གཏིང་ཟབ་ངང་སྤེལ་བཞིན་ཡོད་པ་རེད།

    “ང་ཚོས་དུད་ཚང་གི་གསང་སྤྱོད་གསར་སྐྲུན་དང་གནད་དོན་ཡོད་པའི་གསང་སྤྱོད་བཅོས་སྒྲིག་ལ་མཉམ་དུ་དམ་འཛིན་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་གྲོང་གསེབ་ཀྱི་གསང་སྤྱོད་སྒྱུར་བཀོད་ཀྱི་ཕན་འབྲས་ཆེ་རུ་ཧུར་ཐག་བཏང་བ་དང་ཞན་ཆ་སེལ་ནས་ཞིང་པ་ཚོའི‘སེམས་ཚེགས’ཐག་གཅོད་ཡག་པོ་བྱས་ཡོད”མིག་སྔའི་བར་འདི་ལོའི་བཅོས་སྒྲིག་བྱེད་ཁོངས་སུ་བཅུག་པའི་གནད་དོན་ཡོད་པའི་གསང་སྤྱོད་ཁྲི་10.14ཡི་ནང་ནས་གསང་སྤྱོད་ཁྲི་10.19བཅོས་སྒྲིག་བྱས་ཟིན་ནས་བཅོས་སྒྲིག་ཐུབ་ཚད་100.5%ཟིན་ཞིང་། གསར་དུ་བསྐྲུན་རྒྱུའི་དུད་ཚང་གི་གསང་སྤྱོད་ཁྲི་1.65ལས་གསང་སྤྱོད་ཁྲི་1.65བསྐྲུན་པ་དང་ལེགས་གྲུབ་བྱུང་ཚད་100%ཟིན་ཡོད་ཅེས་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གྲོང་གསེབ་སྤྱི་ཚོགས་བྱ་གཞག་སྐུལ་འདེད་ཁྲུའི་འགན་འཁུར་བ་ཞུང་གོ་ཁྲང་གིས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།