དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་ཡུལ་ཟོག་ལས་ཕྱུག་འགྱུར་ལམ་བུ་ཇེ་ཡངས་སུ་སོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ལིའུ་ཡུས་རུའེ།   |     སྤེལ་དུས།  2023-11-05

    ཉིན་ཤས་རིང་། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་འདྲེ་ཚེར་མ་སྐམ་སིལ་དང་སིལ་ཁུ་ཚོང་ཁང་ཞིག་གི་སྦྱིན་བདག་དབང་ཞའོ་མའེ་བྲེལ་བ་ཤིན་ཏུ་ཆེ། ཁོང་གི་ཁ་པར་དུ་མངགས་ཐོ་ཡང་ཡང་འབྱོར་བ་དང་། ཚོང་ཁང་དུའང་ཚོང་ཉོ་མཁན་གཅིག་རྗེས་གཉིས་མཐུད་དུ་སླེབས་ཀྱི་ཡོད། “སྐམ་སིལ་རྡོག་པོ་ཆེ་ལ་དམར་མདངས་བཀྲ་བ་དང་། སིལ་ཁུའི་བྲོ་བ་ཞིམ་ལ་འཐུང་བདེ་པོ་ཞིག་འདུག ཐོན་རྫས་ཚང་མ་ཚྭ་འདམ་གཤོང་ས་ནས་ཐོན་པས་སྤུས་ཀ་དག་པོ་ཡོད” ད་ཆ། ཉིན་ལྟར་སྐམ་སིལ་རྒྱ་མ་100ལྷག་ཙམ་བྲིན་པ་དང་། འདི་ལོ་ཚུན་དུ་རིམ་རྩིས་བྱས་ན་སིལ་ཁུ་ཏུན་1600ཙམ་བྲིན་སོང་ཞེས་དབང་ཞའོ་མའེ་ཡིས་བརྗོད།

    རྒྱལ་སྟོན་གུང་གསེང་གི་ཉིན་དང་པོར། དབང་ཞའོ་མའེ་ངལ་གསོ་རྒྱག་ཁོམ་ཡང་མ་བྱུང་བར། ཞོགས་པ་སྔ་པོ་ནས་བུ་དང་མཉམ་དུ་མཚོ་བོད་ལྕགས་ལམ་གྱི་མེ་འཁོར་C891ལ་བསྡད་དེ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནས་གོར་མོ་གྲོང་ཁྱེར་དུ་བསྐྱོད་པ་དང་། དེ་ནས་རླངས་འཁོར་ལ་བསྡད་དེ་སྤྱི་ལེ་150ཙམ་གྱི་སར་གནས་པའི་དུར་ལམ་རྫོང་ནོ་མིན་ཧན་ཤང་དུ་བསྐྱོད། དེ་གར་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་གཅིག་སྡུད་ཡུག་འབྲེལ་གྱི་འདྲེ་ཚེར་མའི་འདེབས་འཛུགས་རྟེན་གཞི་ཆེ་ཤོས་དེ་ཡོད།

    དབང་ཞའོ་མའེ་འདི་ལོ་ལོ་58ལ་སླེབས་ཤིང་། འདྲེ་ཚེར་མ་ཉོ་སྒྲུབ་དང་འཚོང་བའི་ལས་ལ་གཞོལ་ཏེ་ཡོང་འབབ་གསོག་གིན་ཡོད། ལོ་3གྱི་གོང་། ནོ་མིན་ཧན་དང་བར་ཐག་ཉེ་བའི་ཝུའུ་ལམ་རྫོང་དུ་ཁོང་གིས་འདྲེ་ཚེར་མའི་སིལ་ཁུ་ཐོན་སྐྱེད་བཟོ་གྲྭ་ཞིག་བཙུགས། ལོ་ལྟར་ཟླ་8པ་ནས་10པའི་བར་ནི། འདྲེ་ཚེར་མར་འབྲས་བུ་བཏགས་ནས་འཐུ་བའི་དུས་ཚོད་ཡག་ཤོས་ཡིན་པའི་ཁར། རྒྱལ་སྟོན་གྱི་གུང་གསེང་དང་ཏག་ཏག་འཁེལ་བས་བཟོ་གྲྭར་ལས་འབོར་ཧ་ཅང་ཆེན་པོ་ཡོད་པ་རེད། ད་ཐེངས་དེ་གར་བསྐྱོད་དོན་ནི་གཅིག་ནས་འདྲེ་ཚེར་མ་སོས་པ་ཉོ་སྒྲུབ་བྱེད་པ་དང་། གཉིས་ནས་བཟོ་གྲྭའི་འཁོར་རྒྱུག་ལ་ཞིབ་བཤེར་བྱ་རྒྱུ་ཡིན་པ་རེད།

    2010ལོར། ལོ་ན་བགྲེས་པའི་པ་ཕར་ལྟ་རྟོག་བྱ་ཆེད། ཁོང་ཕ་ཡུལ་ཧྲན་ཏུང་ནས་མཚོ་སྔོན་དུ་ཡོང་ཞིང་། དེ་གར་ལྟོ་གོས་འཕྱིད་ཐབས་ཀྱི་གནད་དོན་ལ་བསམ་གཞིགས་བྱེད་སྐབས་འདྲེ་ཚེར་མ་ཡིད་ལ་འཁོར། ཚྭ་འདམ་གཤོང་སར་ཉི་འོད་ཕོག་ཡུན་རིང་ཞིང་སྔ་དགོང་གི་དྲོད་ཚད་ཧེ་བག་ཆེ་བས། སྔ་ས་ནས་སྐད་གྲགས་ཆོད་པའི་འདྲེ་ཚེར་མའི་ཐོན་ཡུལ་ཞིག་རེད། དེ་སྔ་ཚོང་ཁང་གི་ཚོང་གཡོག་ཙམ་ལས་བྱེད་མྱོང་མེད་པའི་ཁོང་གིས“འཇོན་ཐང་གཞན་པ་མེད་ཀྱང་དཀའ་ལས་རྒྱག་ཐུབ་ཅེས་ཁོང་གིས་ས་ཆ་མུའུ་40སྔ་རྗེས་སུ་བོགས་མར་བླངས་ཏེ་འདྲེ་ཚེར་མ་བཏབ།

    འདེབས་འཛུགས་ལག་རྩལ་དང་སོན་ལ་ལེགས་བཅོས་ཟམ་མི་ཆད་པར་བྱས་པར་བརྟེན་ད་ཆ་འདྲེ་ཚེར་མའི་སྤུས་ཀ་དེ་སྔ་ལས་ཡག་པ་ཡོད་པ་རེད། བྲོ་བ་ཡག་པོ་བལྟས་རྗེས་ཁོང་གིས་འཕྲལ་དུ་ས་གནས་དེ་གའི་འདེབས་འཛུགས་དུད་ཚང་ཆེན་པོ་ཞིག་དང་འདྲེ་ཚེར་མ་སོས་པ་ཏུན་100ཡི་ཉོ་སྒྲུབ་གན་རྒྱ་བཞག

    2015ལོར། སྲིད་ཇུས་ཀྱི་ཤར་རླུང་ལ་བརྟེན་ནས་ཁྲོམ་རའི་དགོས་མཁོ་གཞིར་བཟུང་། དབང་ཞའོ་མའེ་ཡིས་མུ་མཐུད་འདེབས་འཛུགས་ལས་ལ་མ་གཞོལ་བར་ཟི་ལིང་དུ་སྨི་ངོས་གྲུ་40བྱས་པའི་ཚོང་ཁང་ཞིག་བོགས་མར་བླངས་ཏེ་སྐམ་སིལ་གྱི་ཚོང་བརྒྱབ། ཁོང་གིས་འདེབས་འཛུགས་དུད་ཚང་ས་ནས་འདྲེ་ཚེར་མ་སོས་པ་ཉོས་རྗེས་སྲེག་སྐམ་བཏང་ནས་ཟི་ལིང་དུ་སྡེབ་ཚོང་བྱས་པར་རྒྱ་མ་རེར་འདྲེ་ཚེར་མ་སོས་པ་ལས་སྒོར་10ལྷག་ཙམ་གྱིས་མཐོ་བ་རག་གི་ཡོད།

    ཚོང་ལམ་ཆེ་རུ་སོང་བ་དང་སྦྲགས་ཁོང་གི་ཚོང་ཁང་དེའང་ཟི་ལིང་གི་ཡུལ་ཟོག་ཚོང་པ་མང་པོ་ཞིག་གི་ཚོང་འཐེན་ཡུལ་དུ་གྱུར། ད་ཆ་ཁོང་གི་བུས་ཀྱང་ཚོང་ལ་གཡས་གཞོགས་གཡོན་འདེགས་བྱེད་ཀྱི་ཡོད་ཅིང་། རིག་པ་རྣོ་བའི་བུས་སྐམ་སིལ་འཚོང་བ་ཕུད་ད་དུང་ཐོན་ལས་འཁོར་འབྲེལ་རྒྱ་བསྐྱེད་དེ་སིལ་ཁུ་ཐོན་སྐྱེད་བྱེད་པའི་གྲོས་འགོ་བཏོན།

    འདྲེ་ཚེར་མའི་སིལ་ཁུ་ནི་འདྲེ་ཚེར་མ་ཐད་ཀར་བཙིར་ནས་བྱུང་བ་ཞིག་ཡིན་པས། རོ་བཅུད་འཕྲོ་བརླག་ཏུ་སོང་མེད་སྟབས་ཁྲོམ་རར་བྲིན་ཁ་རྒྱུག་པོ་ཡོད་པ་རེད། བུས་གྲོས་འགོ་བཏོན་པ་ལས་འདྲེ་ཚེར་མའི་སིལ་ཁུ་ཐོན་སྐྱེད་བྱེད་པའི་གོམ་སྟབས་མགྱོགས་སུ་སོང་།

    ཁོང་གིས་ངོ་སྤྲོད་བྱས་པ་ལྟར་ན། 2022ལོར། ཐོན་སྐྱེད་བཟོ་གྲྭས་འདྲེ་ཚེར་མ་སོས་པ་ཏུན་1500ཙམ་ཉོ་སྒྲུབ་བྱས་པར་ས་གནས་དེ་གའི་མི་50ཙམ་ལ་ལས་ཞུགས་སྐུལ་ཁྲིད་ཐུབ་པ་དང་། ཐོན་སྐྱེད་བྱས་པའི་སིལ་ཁུ་རྒྱལ་ཡོངས་ས་ཕྱོགས་ཁག་ཏུ་བཙོངས་པར་ཀུང་སིའི་ཡོང་འབབ་རིམ་བཞིན་འཕར་ཏེ་མཚོ་སྔོན་ཞིང་ཆེན་ནང་ཁུལ་དུ་འདྲེ་ཚེར་མའི་སིལ་ཁུ་ཐོན་འབོར་ཆེ་ཤོས་ཀྱི་བཟོ་གྲྭར་གྱུར།

    ཉིན་གཉིས་པའི་ཕྱི་དྲོ། མ་བུ་གཉིས་མེ་འཁོར་C894ལ་བསྡད་དེ་ཟི་ལིང་དུ་ལོག་ཅིང་། འགྲུལ་བཞུད་ཉིན་གཉིས་བྱས་ཀྱང་ངལ་དུབ་ཀྱི་སྣང་བ་དེ་ཙམ་མེད།

    “དུས་རབས་འཕེལ་རྒྱས་འགྲོ་བཞིན་ཡོད། ངའི་ངོས་ནས་བཤད་ན་སིལ་ཁུའི་ཚོང་དེ་སྐམ་སིལ་ལས་ལྷག་པ་བྱུང་བས། ད་ཆ་འཛད་སྤྱོད་པས་དྲ་ཐོག་ནས་མངགས་ཉོ་བྱས་ན། ཝུའུ་ལམ་རྫོང་ནས་རྒྱལ་ཡོངས་ས་ཕྱོགས་ཁག་ཏུ་བསྐུར་ཐུབ། ང་མེ་འཁོར་ལ་བསྡད་དེ་བཟོ་གྲྭའི་ཐོན་སྐྱེད་ལ་ལྟ་བར་ཕྱིན་ན་འགྲིག”ཅེས་དབང་ཞའོ་མའེ་ཡིས་སེམས་འགུལ་ཆེན་པོ་ཐེབས་པའི་སྒོ་ནས་བཤད་པ་དང་། ཁོང་གིས“ད་ཆ་འགྲིམ་འགྲུལ་སྟབས་བདེ་རུ་འགྲོ་བཞིན་ཡོད་པས་ང་ཚོས་དེ་བས་ཀྱང་འབད་བརྩོན་བྱས་ཏེ་ཡུལ་ཟོག་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུ་ཇེ་ཡངས་གཏོད་དགོས”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།