ཞི་ཅིན་ཕིང་གིས་ཀེ་རི་སེའི་ཙུང་ལི་སྨི་ཙུའོ་ཐ་ཅི་སི་དང་མཇལ་འཛོམས་གནང་བ།
ཟླ་11ཚེས་3ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་ཀེ་རི་སེའི་ཙུང་ལི་སྨི་ཙུའོ་ཐ་ཅི་སི་དང་མཇལ་འཛོམས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་3ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཟླ་11ཚེས་3ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་ཀེ་རི་སེའི་ཙུང་ལི་སྨི་ཙུའོ་ཐ་ཅི་སི་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་ཀེ་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་རོགས་ཟླ་ཞིག་རེད། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་དུས་རབས་ཕྱེད་ཀ་ལྷག་ཙམ་སོང་ཚུན། ཀྲུང་ཀེའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་པ་དང་སྦྲགས་དེ་བས་ལེགས་སུ་འགྲོ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀེ་རི་སེའི་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་ལ་མཐོང་ཆེན་བྱེད་ཀྱི་ཡོད་ལ་ཀེ་རི་སེའི་ཕྱོགས་དང་མཉམ་དུ་འཐབ་ཇུས་ཀྱི་སྣེ་ཁྲིད་མཐའ་འཁྱོངས་དང་སྒོ་དབྱེ་མཉམ་ལས་མཐའ་འཁྱོངས་བྱས་ཏེ་ཀྲུང་ཀེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་དུས་རབས་ཀྱི་འོད་སྟོང་གསར་པ་འཕྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གཉིས་ཁེ་མཉམ་ལས་དང་ཤེས་དཔལ་སྤེལ་རེས་ནི་ཀྲུང་ཀེའི་འབྲེལ་བའི་འབྲེལ་ཐག་ཆེན་པོ་གཉིས་རེད། མི་རིང་བའི་གོང་། ཀེ་རི་སེ་སྲིད་གཞུང་གིས་མཐོ་རིམ་འཐུས་མི་མངགས་ནས“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པ་དེ་ཐོག་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་རྒྱབ་སྐྱོར་བྱས་པ་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཀེ་རི་སེར་མ་འཇོག་བྱས་ནས་བྱ་གཞག་དར་རྒྱས་གཏོང་བར་སྐུལ་ལྕག་བྱ་རྒྱུ་དང་ཀེ་རི་སེའི་ཁེ་ལས་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་ནང་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ་ཀེ་རི་སེའི་སྤུས་ལེགས་ཀྱི་ཐོན་རྫས་དེ་བས་མང་བ་ཀྲུང་གོའི་ཁྲོམ་རར་ཞུགས་པར་དགའ་བསུ་ཡང་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཀེའི་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་སའི་ལྟེ་གནས་དང་ཤེས་དཔལ་གྱི་གནའ་བོའི་རྒྱལ་ཁབ་ཀྱི་གླེང་སྟེགས་སོགས་མི་ཆོས་རིག་གནས་ཀྱི་ལམ་སྲོལ་ལ་རྒྱབ་སྐྱོར་བྱས་ཏེ་ཀེ་རི་སེ་ཕྱོགས་དང་མཉམ་དུ་སློབ་གསོ་དང་། རིག་གནས། ཚན་ཞིབ། ཡུལ་སྐོར། གཞོན་ནུ་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་རིག་གནས་ཀྱི་རྨང་གཞི་ཟབ་མོ་ལྡན་པའི་ལེགས་ཆ་འདོན་སྤེལ་བྱེད་པ། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཕྱོགས་མང་རིང་ལུགས་ངོ་མ་དར་སྤེལ་གཏོང་བ་བཅས་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བར་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་འདོད་ཡོད།
ཞི་ཅིན་ཕིང་གིས་གསུངས་དོན། འདི་ལོ་ནི་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་20འཁོར་བའི་ལོ་རེད། ཀྲུང་ཡོའི་འབྲེལ་བ་དེ་ཀྲུང་ཡོའི་མི་དམངས་ཀྱི་བདེ་རྩ་དང་འབྲེལ་བ་ཡོད་པ་དང་འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་དང་ཡང་འབྲེལ་བ་ཡོད། ཀྲུང་ཡོའི་འབྲེལ་བ་འཕེལ་རྒྱས་ཡག་པོ་ཡོང་བ་བྱ་རྒྱུ་དེ་རང་བཙན་རང་བདག་དང་། ཕན་ཚུན་བརྩི་འཇོག གཉིས་ཕན་མཉམ་ལས་བཅས་དང་བྲལ་ཐབས་མེད། དེས་ན། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་དང་མཉམ་དུ་ཡང་དག་པའི་ངོས་འཛིན་བྱེད་རེས་མཐའ་འཁྱོངས་དང་། ཐུན་མོང་གི་ངོས་འཛིན་ལ་དོ་ཁུར། ཁ་ཕྱོགས་སྟངས་འཛིན་བཅས་བྱས་ནས་ཁྱབ་ཁོངས་ཁག་གི་གཉིས་ཁེ་མཉམ་ལས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་འདོད་ཡོད། ཀེ་རི་སེས་མུ་མཐུད་དེའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་ཡོད།
སྨི་ཙུའོ་ཐ་ཅི་སི་ཡིས་གསུངས་དོན། ཀེ་རི་སེའི་མི་དམངས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2019ལོར་ཀེ་རི་སེར་གྲུབ་འབྲས་ཐོབ་པའི་ངང་རྒྱལ་དོན་འཚམས་འདྲི་གནང་བ་གསལ་པོར་ངེས་ཀྱི་ཡོད། ཀེ་རི་སེ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་ནས་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་དྲང་གཞག་གི་ལངས་ཕྱོགས་བཟུང་བར་ཚད་མཐོའི་བསྔགས་བརྗོད་བྱེད་པ་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་མཉམ་ལས་དམ་ཟབ་བྱེད་འདོད་ཡོད། ཀེ་རི་སེས་ཡོ་ཀྲུང་མཉམ་ལས་ཀྱི་འབྲེལ་ཟམ་བྱེད་འདོད་ཡོད། ཡོ་རོབ་མནའ་འབྲེལ་དང་ཀྲུང་གོས་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་གི་འདུ་ཤེས་ལ་བརྟེན་ནས་ལག་གདང་སྦྲེལ་ཏེ་མཉམ་ལས་བྱེད་ཆོག་པས། ཀེ་རི་སེས་ཡོ་ཀྲུང་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་ཧུར་ཐག་གཏོང་འདོད་ཡོད།