དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོའི་གནའ་དཔྱད་རིག་པའི་ཚོགས་ཆེན་སྐབས་བཞི་པ་འཚོགས་པ།

    “མི་རིགས་མང་བའི་གཅིག་གྱུར་རྒྱལ་ཁབ་གྲུབ་པ་དང་འཕེལ་རྒྱས་གཏོང་བའི”བརྗོད་དོན་གཙོ་བོར་དམིགས་ནས་བགྲོ་གླེང་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། དབྱང་ཞུའེ་མེ་དང་ཀྲོའུ་ཧྥེ་ཡ།   |     སྤེལ་དུས།  2023-11-04

    ཟླ་10ཚེས་23ནས་25ཉིན་བར། ཀྲུང་གོའི་གནའ་དཔྱད་རིག་པའི་ཚོགས་ཆེན་སྐབས་བཞི་པ་ཧྲའན་ཤིས་ཤིས་ཨན་དུ་འཚོགས་ཤིང་། རྒྱལ་ཁབ་ཕྱི་ནང་གི་གནའ་དཔྱད་མཁས་པ་800ལྷག་ཙམ་ལྷན་དུ་འཛོམས་ནས་བརྗོད་གཞི་མི་འདྲ་བར་སྙན་སེང་ཐེངས་564ཞུས་པ་རེད། “མི་རིགས་མང་བའི་གཅིག་གྱུར་རྒྱལ་ཁབ་གྲུབ་པ་དང་འཕེལ་རྒྱས་གཏོང་བའི”བརྗོད་དོན་གཙོ་བོར་དམིགས་ཏེ། སྣ་མང་ཕུན་སུམ་ཚོགས་པའི་རིག་གཞུང་ལྟ་བ་མི་འདྲ་བ་འདུས་པ་ལས་བསམ་གཞིག་གི་མེ་སྟག་འཕྱུར་བའི་རྣམ་པ་ཞིག་མངོན་ཡོད།

    ཀྲུང་གོའི་གནའ་དཔྱད་རིག་པའི་ཚོགས་ཆེན་ལོ་གཉིས་རེར་ཐེངས་རེ་འཚོག་གི་ཡོད་ཅིང་། ཚོགས་ཆེན་སྐབས་རེ་རེར་དམིགས་བསལ་གྱི་རིག་གཞུང་གི་གནད་དོན་གསར་ཤོས་གལ་ཆེན་ལ་དམིགས་ཏེ། རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ཁྱབ་ཁོངས་ཀྱི་གནའ་དཔྱད་མཁས་ཅན་དབར་སྤེལ་རེས་དང་འབྲེལ་གཏུག་བྱེད་པའི་ལས་སྟེགས་ཤིག་གཏོད་བཞིན་ཡོད།

    ད་རེས་ཀྱི་ཚོགས་ཆེན་ལས་གནའ་དཔྱད་རིག་ཚན་གྱི་འཕེལ་ཕྱོགས་གསར་པ་དང་། གནའ་དཔྱད་ཀྱི་ཁྱབ་ཁོངས་འབྱེད་སྟངས་སྔར་བས་ཞིབ་ཚགས་སུ་དང་གཏིང་ཟབ་ཏུ་འགྲོ་བཞིན་པ་མཐོང་ཐུབ། ཚོགས་ཆེན་འགོ་ཚུགས་སྐབས་ཀྲུང་གོའི་གནའ་དཔྱད་རིག་པའི་ཆེད་ལས་ཨུ་ཡོན་ལྷན་ཁང་ཁག་27ཟིན་པ་དག་གནའ་དཔྱད་ཤུལ་བཞག་དང་། ལྕགས་རི་རིང་པོའི་གནའ་དཔྱད། མིས་བཟོས་གཙང་པོ་ཆེན་པོའི་གནའ་དཔྱད་དང་སྲུང་སྐྱོང་སོགས་ཁྱབ་ཁོངས་དང་འབྲེལ་བ་ཡོད་པ་ལས་ཀྲུང་གོའི་གནའ་དཔྱད་རིག་པའི་རིག་ཚན་གྱི་མ་ལག་དང་། རིག་གཞུང་གི་མ་ལག སྐད་བརྡའི་མ་ལག་བཅས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ་གང་ལེགས་མཚོན་ཡོད།

    “ཉེ་བའི་ལོ་ཤས་རིང་གནའ་དཔྱད་གལ་ཆེན་ཤེས་ཚད་ཧ་ཅང་མང་པོ་ཡོད་པ་དང་། མི་དེ་བས་མང་བས་སྙན་སེང་གི་གཙོ་གནད་དེ་ཚད་ལྡན་ཡིག་ཆ་དང་། རིག་རྫས། ལམ་ལུགས་བཅས་དང་སྐབས་དེའི་རིག་གནས་ཀྱི་གཅིག་མཐུན་ངོས་འཛིན་དང་སྤྱི་ཚོགས་ཕྱོགས་སྒྱུར་ལ་ཞིབ་འཇུག་བྱེད་པའི་ཐད་འཇོག་གི་ཡོད། དེ་ལས་ཀྲུང་གོའི་གནའ་དཔྱད་རིག་པ་དང་ལོ་རྒྱུས་རིག་པའི་མཉམ་འདྲེས་ཟབ་མོ་མཚོན་ཡོད”ཅེས་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གནའ་དཔྱད་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ཁྲང་ཧོའེ་ཡིང་གིས་བརྗོད།

    ཀྲུང་ཧྭའི་ཤེས་དཔལ་གྱི་འབྱུང་ཁུངས་དང་ཐོག་མའི་འཕེལ་རྒྱས། མི་རིགས་མང་བའི་གཅིག་གྱུར་རྒྱལ་ཁབ་གྲུབ་པ་དང་འཕེལ་རྒྱས་གཏོང་བ་དང་འབྲེལ་བ་ཡོད་པའི་གནའ་ཤུལ་གལ་ཆེན་ཁག་གཅིག་གི་ཤེས་རྟོགས་དང་ཞིབ་འཇུག་གི་གྲུབ་འབྲས་གསར་ཤོས་སོགས་ཚོགས་ཆེན་ལ་ཁྱབ་བསྒྲགས་བྱས་པ་རེད། ཚོགས་ཆེན་ལ་ད་དུང་གནའ་དཔྱད་ཀྱི་སྤྱི་པའི་འཆད་ཁྲིད་ཐེངས་27སྤེལ་བར་གནའ་དཔྱད་ལ་དགའ་པོ་བྱེད་མཁན་མང་པོའི་ཡིད་དབང་བཀུག་ཡོད།

    ཀྲུང་གོ་གནའ་དཔྱད་རིག་པའི་ལྷན་ཚོགས་ཀྱི་ལས་འཛིན་ཀྲང་དང་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གནའ་དཔྱད་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཁྲེན་ཤིང་ཚན་གྱིས“ཀྲུང་གོའི་གནའ་དཔྱད་རིག་པའི་ཚོགས་ཆེན་སྐབས་རེ་རེ་འཚོག་རིམ་བཞིན་ཀྲུང་གོའི་གནའ་དཔྱད་རིག་པའི་ཤེས་རྟོགས་དང་ཞིབ་འཇུག་གི་གྲུབ་འབྲས་གསར་ཤོས་གཅིག་སྡུད་བཀྲམ་པ་དེས་འཛམ་གླིང་གི་ས་ཁུལ་མི་འདྲ་བའི་གནའ་བོའི་ཤེས་དཔལ་གྱི་ཞིབ་བསྡུར་ཞིབ་འཇུག་བྱེད་ཤུགས་ཆེ་རུ་ཕྱིན་པ་མ་ཟད། ཀྲུང་ཧྭའི་ཤེས་དཔལ་གྱི་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་ཀྱང་ཆེ་རུ་ཕྱིན་ཡོད། ང་ཚོས་ཟམ་མི་ཆད་པར་སྟོབས་ཆེར་འགྲོ་བཞིན་པའི་ཀྲུང་གོའི་གནའ་དཔྱད་རིག་པའི་དཔུང་ཁག་གིས་མུ་མཐུད་རྙེད་མེད་པ་འཚོལ་ཞིབ་དང་འབྱུང་ཁུངས་གསལ་སྟོན་གྱིས་དུས་རབས་ཀྱི་འགན་འཁྲི་གསར་པ་ཕྲག་ཏུ་ཁུར་ནས། གནའ་དཔྱད་ཀྱི་ཚ་རླབས་འཕྱུར་བའི་དུས་རབས་འདི་དང་འཚམ་པའི་གྲུབ་འབྲས་གཏོད་པའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།