ས་གནས་ཁག་གིས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་གཏིང་ཟབ་སྤེལ་བ།
བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྤྱད་དེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན། ས་གནས་ཁག་གིས་ཕྱོགས་གཉིས་ཀར་དམ་འཛིན་དང་ཕྱོགས་གཉིས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཏན་ཏིག་གི་བླང་བྱ་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་སེམས་ནུས་གཅིག་སྡུད་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། བྱ་ཐབས་འགོད་པ་དང་། སྲིད་ཇུས་ལ་ཞིབ་འཇུག ལས་དོན་བཀོད་སྒྲིག མཛུབ་ཁྲིད་ལ་སྐུལ་འདེད་བཅས་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་དེ་གྲོང་གསེབ་དར་རྒྱས་གཏོང་བའི་ཕན་འབྲས་དངོས་ལ་འགྱུར་བར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ཡོད་པ་རེད།
གྲོང་གསེབ་དར་རྒྱས་གཏོང་བའི་འགག་རྩ་ནི་ཐོན་ལས་དར་རྒྱས་གཏོང་རྒྱུར་ཐུག་ཡོད། བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་སྟེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་བཏང་ཡོད།
“ཆུ་ཚོད་2ནང་ཤིང་འབྲས་ཀྲེན་ཙེ་རྒྱ་མ་300དང་ཤིང་ཏོག་ཨ་མྲ་རྒྱ་མ་100བཙོངས་ཚར་སོང”ཞེས་ལེའོ་ཉིང་ཞིང་ཆེན་ཧྥུའུ་ཧྲུན་གྲོང་ཁྱེར་གྱི“ཏང་འཛུགས་སྐྱོང་གིས་ཁྲིད་སྟོན་དང་ཐུན་མོང་ཕྱུག་འགྱུར་ཡོང་བར་བྱེད་པའི”གྲགས་ཅན་དང་། སྤུས་ལེགས། ཁྱད་ལྡན་བཅས་ཀྱི་ཞིང་ལས་ཐོན་རྫས་འགྲེམས་ཚོང་བྱེད་སྒོ་སྤེལ་ཡུལ་དུ་ཧྥུའུ་ཧྲུན་རྫོང་ཧའེ་ལང་ཤང་སུང་ཧྲུའུ་ཙུའེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་ལི་ཅང་ཐེན་གྱིས་བཤད།
ཧྥུའུ་ཧྲུན་གྲོང་ཁྱེར་གྱིས་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ནས“ཏང་དང་མང་ཚོགས་ཀྱིས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བའི”བྱེད་སྒོ་སྤེལ་ཏེ་ལས་ཀའི་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་དང་ཏང་དང་མང་ཚོགས་ཐུན་མོང་ཐོག་ཕྱུག་འགྱུར་གྱི་འགན་འཁྲིའི་ཁུལ་དབྱེ་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། ཆེད་ལས་མཉམ་ལས་ཁང་འབོར་ཆེན་སྐྱེད་སྲིང་བྱས་པ་དང་ཆབས་ཅིག ཐོན་ལས་མཉམ་འབྲེལ་གྱི་ཏང་ཨུད་བཙུགས་ནས་སྤྱི་འདོམས་ཀྱིས་ནུས་པ་གཅིག་སྡུད་བྱས་ཡོད། མིག་སྔའི་བར། གྲོང་ཚོ་ཁག་གི་ཏང་རྩ་འཛུགས་ཀྱིས་ཆེད་ལས་མཉམ་ལས་ཁང་134བཙུགས་ཤིང་། གྲོང་ཚོ་མཉམ་སྡེབ་ལ་འབབ་འཕར་སྒོར་ཁྲི་417དང་གྲོང་མིར་འབབ་འཕར་ཁྲི་1178བྱུང་བ་རེད།
ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཁྲོད་ནས་ཆོས་ཉིད་རྟོགས་པ་དང་། ཁ་ཕྱོགས་གསལ་རྟོགས། བྱེད་ཐབས་སྦྱོང་བ། བློ་གྲོས་འཕེལ་བ་བཅས་བྱས་ཏེ། ས་གནས་ཁག་གི་ཏང་ཡོན་དང་ལས་བྱེད་པས་སྦྱངས་ནས་ཤེས་པའི་བསམ་བློ་གཏོང་སྟངས་དང་ལས་ཀ་བྱེད་སྟངས་དེ་ལས་སྒྲུབ་ལས་གཏོད་ནང་སྤྱད་ནས་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་བ་རེད།
ཟླ་10ཚེས་29ཉིན། སི་ཁྲོན་ཞིང་ཆེན་སུའེ་ཉིང་གྲོང་ཁྱེར་ཕིང་ཤིས་རྫོང་ཉིའུ་ཅའོ་ཀོའུ་གྲོང་ཚོར་ཁྱད་ཆོས་ལྡན་པའི་ཏང་གི་སློབ་ཚན་གཅིག་རྗེས་གཉིས་མཐུད་ངང་འཚོགས་པ་རེད། ཉིན་དེར་གཞི་རིམ་ཏང་རྩ་འཛུགས་30ལྷག་ཙམ་དང་ཏང་ཡོན་500ལྷག་ཙམ་གྱིས་འདི་གར་ཏང་གི་སློབ་ཚན་ཉན་པ་རེད། ཉིའུ་ཅའོ་ཀོའུ་གྲོང་ཚོར་གསར་བརྗེའི་བྱེད་སྒོ་སྤེལ་ཡུལ་དང་ལེ་ལག་ཚང་བའི་སློབ་ཁྲིད་སྒྲིག་ཆས་རིམ་སྤོར་བྱས་ནས“ཀྲུང་གོ་བཟོ་ཞིང་དམར་དམག་སི་ཁྲོན་གྱི་དམག་སྡེ་དང་པོ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཁྱད་ལྡན་ཏང་གི་སློབ་ཚན་གསར་སྤེལ་དང་ཉམས་ལེན་རྣམ་པའི་སློབ་ཁྲིད་སློབ་ཚན་གསར་སྤེལ་བྱ་རྒྱུ་དེ་ཏང་གཤིས་སློབ་གསོ་སྤེལ་ཡུལ་ཡག་པོ་ཞིག་ཏུ་གྱུར་ཡོད།
བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད། སུའེ་ཉིང་གྲོང་ཁྱེར་གྱིས་ཏང་ཡོན་གྱི་སློབ་གསོ་གསོ་སྦྱོང་དེ་གྲོང་གསེབ་དར་རྒྱས་ཀྱི་ལག་ལེན་ནང་བཅུག་ནས་ས་གནས་ས་ཐོག་གི་སློབ་ཁྲིད་ས་ཚིགས་43གཅིག་ཏུ་བསྡུས་པ་དང་། ཏང་ཡོན་གྱི་སློབ་གསོ་གསོ་སྦྱོང་སྐར་མ་15ཡི་སློབ་ཁྲིད་ཁུལ་ཞིག་ཆགས་པ་བྱས་ནས་གསར་བརྗེའི་ཐོན་ཁུངས་གང་ལེགས་སྤྱོད་པ་དང་། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་པ། ཏང་ཡོན་དང་ལས་བྱེད་པའི་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། གསར་འབྱེད་ཡར་བརྩོན་ཧུར་ཐག རང་འགན་ཐེག་པ་ཁུར་ལེན་བྱེད་ཕོད་པ་བཅས་ཀྱི་སློབ་གསོ་རྒྱག་པ་དང་ཁྲིད་སྟོན་བྱེད་དགོས།
བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་མང་ཚོགས་ཀྱི་འགྲམ་དུ་སྤེལ་བ་དང་། གཞི་རིམ་དུ་ཇི་ཙམ་བསྐྱོད་ཚེ་དེ་ཙམ་གྱིས“ཏན་ཏིག”མངོན་གསལ་དོད་པོ་ཡོང་བར་བྱེད་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཞིང་ནང་དང་མུ་ཁར་བསྐྱོད་ནས་ཞིང་ལས་ཀྱི་གནས་ཚུལ་ལ་བརྟག་དཔྱད་དང་། ལུས་ཚུགས་ནས་མང་ཚོགས་ཀྱི་བསམ་འདུན་ཉན་པ། མང་ཚོགས་ཉེ་འགྲམ་གྱི་བྱ་བ་ཡག་པོ་སྒྲུབ་པ་བཅས་བྱས་ནས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དང་ཐོབ་སྣང་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད།
ཧོ་པེ་ཞིང་ཆེན་ལོན་ཕིང་རྫོང་གིས“ལས་གནས་སུ་གཞི་ཚུགས་ནས་ལེགས་སྐྱེས་འབུལ་བ”དང“ཉེ་འགྲམ་གྱི་མིག་དཔེ་ལ་སློབ་སྦྱོང”སོགས་ཀྱི་བྱེད་སྒོ་དམ་འཛིན་བྱེད་སར་བྱས་ནས། ཏང་ཡོན་དང་ལས་བྱེད་པས་འཕེལ་རྒྱས་ལ་སྐུལ་འདེད་དང་། གཞི་རིམ་བཅོས་སྐྱོང་། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་བྱེད་རིང་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་འདོན་པར་ཁྲིད་སྟོན་བྱས་པ་རེད། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ལ་བརྟེན་ནས་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སྒྲོག་འགྲེལ་དང་། རིག་གནས་རིག་རྩལ། སློབ་རོགས་སློབ་སྐྱོར་སོགས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་ཁག་1300ལྷག་ཙམ་སྔ་རྗེས་སུ་སྤེལ་བར་དེར་ཞུགས་མཁན་མི་ཐེངས་ཁྲི་15.5ལྷག་ཙམ་ཟིན་པ་དང་། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ནས་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། ཕ་ཡུལ་ལ་དགའ་ཞེན། འབད་འཐབ་དང་། འབད་འབུངས། ཡར་བརྩོན། བདེན་བརྩོན་དང་། དགེ་བརྩོན། ཡར་བརྩོན་བཅས་ཀྱི་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་ཞིག་ཧུར་ཐག་བཏོད་ཡོད།
གྲོང་གསེབ་བཅོས་སྐྱོང་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་ཟམ་མི་ཆད་པར་ཇི་ལྟར་སྐོང་བ་ནི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་སྒྲུབ་དགོས་ངེས་ཀྱི་ལས་དོན་ཞིག་རེད། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་རིམ་ཁག་ཏང་རྩ་འཛུགས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཉམས་མྱོང་གསར་པ་དང་བྱེད་སྟངས་གསར་པ་ཟམ་མི་ཆད་པར་འཚོལ་ཞིབ་བྱས་ཡོད།
ཁྲུང་ཆིང་གྲོང་ཁྱེར་དབན་ཀྲོའུ་ཆུས་དབྱི་ཧོ་གྲོང་ཚོའི་ལའོ་དབན་གྱི་སྒོ་རར་སྐྱོད་སྐབས་ཁང་པ་གྲལ་སྟར་འགྲིག་པ་དང་། མེ་ཏོག་གི་དྲི་ཞིམ་གང་སར་འཐུལ་བ། གཙང་ལ་གྲལ་སྟར་འགྲིག་པའི་རྣམ་པ་ཞིག་མངོན་ཞིང་། སྔོན་ཆད་ཀྱི་སྒོ་ར་གོག་ཧྲུལ་དེ་ད་ཆ་གྲོང་མི་ཚོ་འཚང་ཁ་ཤིག་ཤིག་ངང་སྐྱོད་ཡུལ་ཅིག་ཏུ་གྱུར་ཡོད། དེ་ནི་དབན་ཀྲོའུ་ཆུས་ཀྱིས་བཏོད་པའི“སྒོ་རའི་བརྗོད་དོན་གཙོ་བོའི་ཉིན་མོའི”ལམ་སྲོལ་ལས་ཚང་མས་སྒོ་རར་སྒྱུར་བཀོད་ཇི་ལྟར་བྱེད་པར་གྲོས་བསྡུར་བྱས་པ་ལས་བྱུང་བ་ཞིག་རེད།
ད་ཆ་དབན་ཀྲོའུ་ཆུས་སུ“སྒོ་རའི་བརྗོད་དོན་གཙོ་བོའི་ཉིན་མོར”དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་དམངས་ཀྱི་འདོད་ཚུལ་བསྡུ་ལེན་བྱེད་པའི་སྦྲེལ་ཟམ་བཙུགས་ནས་ཆུས་ཡོངས་ཀྱི་གྲོང་ཚོ་413སྒོ་ར་ཁག་2421ལ་དབྱེ་བ་དང་། ཟླ་རེར“འགལ་ཟླ་དང་རྩོད་གཞི་སེལ་བ”དང“མང་ཚོགས་ཀྱི་རེ་འདུན་སྒྲུབ་པ”སོགས་ཀྱི་ཞབས་འདེགས་བྱེད་སྒོ་ཐེངས་རེ་སྤེལ་ནས་གྲོང་མི་སྒྲིག་འཛུགས་དང་སྐུལ་སློང་གིས་སྤྱི་པའི་ཁོར་ཡུག་གི་གནད་དོན་ལ་ཐུན་མོང་ཐོག་གྲོས་བསྡུར་ཐག་གཅོད་དང་། འགལ་ཟླ་དང་རྩོད་གཞི་འདུམ་སྒྲིག ཁྱིམ་མཚེས་འཆམ་མཐུན་སོགས་ཀྱི་ལས་དོན་ཐག་གཅོད་བྱས་ཏེ། སྒོ་རར་དམངས་ལ་ཞབས་འདེགས་ཞུ་བ་དང་། སྒོ་རར་འགལ་ཟླའི་གནད་དོན་ཐག་གཅོད། སྒོ་རར་མང་ཚོགས་ཀྱི་གནད་དོན་གྲོས་བསྡུར་དང་རང་སྐྱོང་བཅས་བྱས་པས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་འབོར་ཆེན་ཞིག་ཐག་གཅོད་ཐུབ་ཡོད།