བོད་ཀྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་དེ་བས་ལེགས་ པའི་སྒོ་ནས་ཕྱིར་གཏོང་བར་སྐུལ་འདེད་བཏང་བ།
ཟླ་བ་དང་པོ་ནས་དགུ་པའི་བར“ལས་སྟེགས་832”ཀྱི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་1600ལྷག་ཙམ་ཟིན་པ།
“ད་ཐེངས་བརྟག་ཞིབ་བྱེད་སྐབས་སྤོས་སྨན་རྫས་ཁོངས་སུ་བཅུག་ནས་ལས་སྟེགས‘832’ལ་ཞུགས་ཏེ་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་བཏང་ཡོད”ཉིན་ཤས་གོང་། ཀྲུང་གོ་མཁོ་འཚོང་མཉམ་ལས་སྤྱི་ཁྱབ་ཁང་དང་རང་སྐྱོང་ལྗོངས་མཁོ་འཚོང་ཁང་གིས་གན་རྒྱ་འཇོག་པའི་མཛད་སྒོའི་ཐོག་རང་སྐྱོང་ལྗོངས་མཁོ་འཚོང་ཁང་གི་ཀྲུའུ་རེན་ཀྲང་ཅུན་གྱིས་ངོ་སྤྲོད་བྱས། གསར་འགོད་པས་ས་གནས་ས་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་གནད་སྨིན་བྱེད་ཐབས་སྤྱད་དེ་འཛད་སྤྱོད་ཀྱི་རོགས་སྐྱོར་བྱེད་སྟངས་ལེགས་སུ་གཏོང་བ་དང་། ཞིང་ལས་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་ཧུར་ཐག་གཏོང་བ། “ལས་སྟེགས་832”ཀྱི་ནུས་པ་རྒྱུན་མཐུད་འདོན་པ་བཅས་བྱས་ནས་བོད་ཀྱི་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་རྫས་དེ་བས་ལེགས་པའི་ངང་ཕྱིར་གཏོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། འདི་ལོའི་ཟླ་བ་9པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་མཁོ་སྤྲོད་ཚོང་པ་287“ལས་སྟེགས་832”ནང་ཞུགས་ཡོད་པ་དང་། ལས་སྟེགས་སུ་བཏོན་པའི་ཐོན་རྫས་བསྡོམས་འབོར་1319ཟིན་པ། རིམ་རྩིས་བརྒྱབ་ན་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་6553.58ཟིན་ཡོད་པ་ལས། འདི་ལོའི་ཟླ་དང་པོ་ནས་དགུ་པའི་བར་རིམ་རྩིས་བརྒྱབ་ན་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་1663.7ཟིན་པ་དུས་མཚུངས་ལས་30.5%འཕར་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། “ལས་སྟེགས་832”ནི་ཀྲུང་གོ་མཁོ་ཚོང་ཚོགས་པའི་ཁོངས་གཏོགས་ཀྲུང་གོ་མཁོ་ཚོང་དྲ་ཐོག་ཚོང་དོན་ཚད་ཡོད་ཀུང་སིས་དབུལ་སྒྲོལ་ས་ཁུལ་གྱི་ཞིང་ཞོར་ཐོན་རྫས་དྲ་རྒྱར་ཕྱིར་ཚོང་གི་ལས་སྟེགས་བསྐྲུན་ནས་ལས་གཉེར་བྱེད་པ་ཞིག་ཡིན་ཞིང་། དྲ་ཐོག་འགྲེམས་སྟོན་དང་། དྲ་ཐོག་ཉོ་ཚོང་། ཟོག་འགྲེམས་རྗེས་སྙེག ཐོན་རྫས་ཁུངས་འདེད་སོགས་གཅིག་འཐུས་མཉམ་འདུས་ཞབས་འདེགས་ཞུས་ནས་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་རྫོང་832ཀྱི་ཞིང་ལས་སྤུས་ལེགས་ཐོན་རྫས་རིམ་ཁག་སྔོན་རྩིས་ཚན་པའི་བཟོ་ཚོགས་དང་། ཟ་ཁང་། ཀྲུང་དབྱང་ཁེ་ལས་ཀྱི་དངུལ་རྩའི་ལས་ཁུངས། དེ་བཞིན་མི་སྒེར་གྱི་ཉོ་སྒྲུབ་དགོས་མཁོ་དང་འབྲེལ་མཐུད་ནུས་ལྡན་བྱས་ཏེ། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་ཞིང་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་གཏོང་བར་སྐུལ་ཁྲིད་དང་དབུལ་སྒྲོལ་ས་ཁུལ་དང་དབུལ་སྒྲོལ་མང་ཚོགས་ཀྱི་ནང་སྐྱེས་ཀྱི་འཕེལ་རྒྱས་སྒུལ་ཤུགས་ཆེ་རུ་བཏང་ཡོད།