《བདེན་འཚོལ》དུས་དེབ་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།
ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་སྐབས་ཉི་ཤུ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གི་གསུང་བཤད།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་21པར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་སྐབས་ཉི་ཤུ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གི་གསུང་བཤད》བཀོད་ཡོད་པ་རེད།
རྩོམ་ཡིག་ཏུ་ནན་བཤད་གནང་དོན། རྩིས་བཤེར་ནི་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད། རྩིས་བཤེར་དོ་དམ་གྱི་སྒྲིག་སྲོལ་སྒྱུར་བཅོས་དང་། ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་འཛུགས་པའི་དམིགས་ཡུལ་ནི་ཏང་ཀྲུང་དབྱང་གིས་རྩིས་བཤེར་ལས་ཀར་གཅིག་སྡུད་དང་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་ཆེད་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། ཀྲུང་དབྱང་རྩིས་བཤེར་ཨུ་ལྷན་གྱིས་རྩིས་བཤེར་གྱི་སྒྲིག་གཞིའི་བརྒྱུད་རིམ་གྱི་རང་བཞིན་དང་སྤྱི་ཡོངས་ཀྱི་རང་བཞིན་བསྐྱར་འཛུགས་ལ་སྐུལ་འདེད་བཏང་བས་རྩིས་བཤེར་གྱི་ལས་དོན་ལ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འཕོ་འགྱུར་བྱུང་ཡོད། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག་རྩིས་བཤེར་གྱི་ལས་དོན་ཀྲུང་གོའི་རྒྱལ་བབ་དང་འཚམ་པའི་རྩིས་བཤེར་གྱི་ལམ་གསར་པ་ཞིག་ཏུ་བསྐྱོད་པ་དང་རྩིས་བཤེར་ཁྱབ་ཁོངས་སུ་དུས་རབས་གསར་པའི་རྒྱལ་སྲིད་སྐྱོང་ལུགས་ལ་ལམ་ལུགས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད་དེ། གཅིག་ནས་རྩིས་བཤེར་དོ་དམ་གྱི་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཏང་ཀྲུང་དབྱང་གིས་རྩིས་བཤེར་གྱི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་པ་ཟམ་མི་ཆད་པར་ཞིབ་ཕྲ་དང་། ཏན་ཏིག ལམ་ལུགས་ཅན་བཅས་སུ་གྱུར་ཡོད། གཉིས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྩིས་བཤེར་བྱ་གཞག་གི་ཆོས་ཉིད་ལ་ངོས་འཛིན་བྱེད་ཚད་ཟམ་མི་ཆད་པར་ཟབ་ཏུ་སོང་ཡོད། གསུམ་ནས་རྩིས་བཤེར་གྱིས་ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་རང་འགུལ་གྱི་རང་བཞིན་དེ་བས་ཆེ་བ་དང་། མཐུན་འཕྲོད་ཀྱི་རང་བཞིན་དེ་བས་ཆེ་བ། དམིགས་བསལ་གྱི་ལྟ་སྐུལ་ནུས་པ་དེ་བས་མངོན་པ་བཅས་སུ་གྱུར་ཡོད། བཞི་ནས་རྩིས་བཤེར་དག་ཐེར་གྱི་སྤྱིའི་རྣམ་པ་རགས་ཙམ་ཆགས་པ་དང་རྩིས་བཤེར་གྱི་གྲུབ་འབྲས་བེད་སྤྱོད་རྒྱུན་མཐུད་དང་མཉམ་ལས་སྔར་བས་བདེ་བླག་དང་། དབང་གྲགས་ལྡན་པ། ལས་ཕྱོད་ཆེ་བ་བཅས་བྱུང་ཡོད།
རྩོམ་ཡིག་ཏུ་གསུངས་དོན། རྩིས་བཤེར་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་དགོས་ཤིང་། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་རྩིས་བཤེར་གྱི་ལས་དོན་ཡག་པོ་སྒྲུབ་པའི་སྤྱིའི་བླང་བྱ་ནི་གཅིག་སྡུད་གཅིག་གྱུར་དང་། ཁྱོན་ཡོངས་ལ་ཁྱབ་པ། དབང་གྲགས་ལྡན་ལ་ཕན་འབྲས་ཆེ་བ་བཅས་ཀྱི་རྩིས་བཤེར་གྱི་ལྟ་སྐུལ་མ་ལག་བཙུགས་ནས་རྩིས་བཤེར་གྱི་ལྟ་སྐུལ་ནུས་པ་དེ་བས་ཡག་པོ་འདོན་པའི་ཐད་ནུས་ཤུགས་གཅིག་སྡུད་ཀྱིས་ཤུགས་རྒྱག་དགོས་པ་དང་ཞིབ་ཕྲ་གཤམ་གསལ་གྱི་དཔེ་གསུམ་པོ་ལྟར་བྱེད་དགོས་པ་སྟེ། གཅིག་ནི་དཔུང་པས་མཛུབ་མོར་བཀོད་འདོམས་བྱེད་པ་ལྟར་ཡིན་ཞིང་། རྩིས་བཤེར་ལྟ་སྐུལ་ཐད་གཅིག་སྡུད་གཅིག་གྱུར་བྱེད་དགོས་པ་དང་ཏང་ཀྲུང་དབྱང་གིས་རྩིས་བཤེར་ལས་དོན་ལ་གཅིག་སྡུད་གཅིག་གྱུར་ཐོག་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་བརྒྱབ་སྟེ། རྩིས་བཤེར་ཁོངས་གཏོགས་ནང་ཁུལ་དུ་གོང་འོག་འབྲེལ་མཐུད་དང་གོམ་སྟབས་གཅིག་གྱུར་གྱི་རྒྱལ་ཡོངས་མིག་མངས་འགྲིག་སྐོར་གཅིག་ཆགས་པར་བྱས་ནས་རྩིས་བཤེར་གྱི་ཆབ་སྲིད་ཀྱི་ངོ་བོ་དང་ཆབ་སྲིད་ཀྱི་ནུས་པ་ཆེ་རུ་བཏང་སྟེ་ཏང་ཀྲུང་དབྱང་གི་བསམ་འདུན་དང་བཀོད་སྒྲིག་ཁོང་དུ་ཏན་ཏིག་ཆུད་པ་དང་། གོ་བ་གཏིང་ཟབ་ལེན་པ། དོན་འཁྱོལ་ཡག་པོ་བཅས་བྱེད་དགོས་པ་དང་། གཉིས་ནི་ལུས་དང་གྲིབ་མ་འགྲོགས་པ་ལྟར་ཡིན་ཞིང་། རྩིས་བཤེར་ལྟ་སྐུལ་ཁྱོན་ཡོངས་ལ་ཁྱབ་པ་བྱས་ནས་རྩིས་བཤེར་བྱ་ཡུལ་ལ་རྩིས་བཤེར་བྱ་རྒྱུ་དེ་གྲིབ་གཟུགས་བཞིན་དུས་དང་རྣམ་པ་ཀུན་ཏུ་ཉེ་འགྲམ་དུ་ཡོད་པའི་ཚོར་སྣང་ཡོང་བར་བྱེད་དགོས། རྣམ་པའི་ཐད། སྤྱི་པའི་མ་དངུལ་དང་། གཞུང་ཁོངས་རྒྱུ་ནོར། གཞུང་ཁོངས་ཐོན་ཁུངས་བཅས་དོ་དམ་དང་བེད་སྤྱོད་གཏོང་མཁན་ས་གནས་དང་། སྡེ་ཚན། ཚན་པ་བཅས་ཚང་མར་རྩིས་བཤེར་ལྟ་སྐུལ་བྱེད་དབང་ཆད་ལུས་དང་དམིགས་བསལ་གང་ཡང་མེད་པར་རྒྱུན་རྣམ་ཅན་དང་འགུལ་རྣམ་ཅན་གྱི་ཟིལ་གནོན་ཞིག་ཆགས་པར་བྱེད་དགོས་པ་དང་། ནང་དོན་ཐད། སྤུས་ཚད་དང་ལས་ཕྱོད་ལ་གཅིག་ལྕོགས་ལྟ་རྟོག་བྱས་ནས་དོན་དངོས་དང་དོན་དམ་པའི་ཟིལ་ཤུགས་ཆགས་པར་བྱེད་དགོས་པ། གསུམ་ནི་རྣ་བར་འབྲུག་སྒྲ་གྲགས་པ་ལྟར་ཡིན་ཞིང་། རྩིས་བཤེར་ལྟ་སྐུལ་ཐད་དབང་གྲགས་ལྡན་ལ་ནུས་པ་ཆེན་པོ་ཐོན་པ་བྱས་ཏེ་རྩིས་བཤེར་ལྟ་སྐུལ་བདེ་བླག་ངང་ལག་བསྟར་ཐུབ་པ་དང་། རྩིས་བཤེར་བྱས་འབྲས་ནུས་ཆེའི་ངང་བཀོལ་སྤྱོད་ཐུབ་པ། རྩིས་བཤེར་གྱི་ནུས་པ་འདོན་སྤེལ་ནུས་ལྡན་ཐུབ་པ་བཅས་བྱེད་དགོས། ཕྱོགས་གཅིག་ནས་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་བཏང་ནས་དཔལ་འབྱོར་ལྟ་སྐུལ་གྱི“དམིགས་བསལ་དམག་དཔུང”བཏོད་དེ་གནད་དོན་འཕྱུགས་མེད་དང་། གཏིང་ཟབ་པ། མཐིལ་རྟོགས་བཅས་བྱེད་དགོས་པ་དང་། ཕྱོགས་གཞན་ཞིག་ནས་རྩིས་བཤེར་ལྟ་སྐུལ་དང་ལྟ་སྐུལ་གཞན་དག་འབྲེལ་མཐུད་མཉམ་ལས་ཡག་པོ་བྱས་ནས་ལྟ་སྐུལ་གྱི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས། རྩིས་བཤེར་གྱི“གོང་མའི་རལ་གྲི”ནི་ཏང་ཀྲུང་དབྱང་གིས་གནང་བ་ཡིན་པས། ངེས་པར་དུ་ཏང་ཀྲུང་དབྱང་ལ་འགན་འཁུར་དགོས་པ་དང་། ཏང་གི་སྤུ་གྲི་རྣོན་པོ་དང་རྒྱལ་ཁབ་ཀྱི་སྤུ་གྲི་རྣོན་པོ་ཡག་པོ་བྱེད་དགོས།
གསུང་རྩོམ་ནང་བསྟན་དོན། རྩིས་བཤེར་གྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ད་ལོ་ནི་རྩིས་བཤེར་ལས་ཁུངས་བཙུགས་ནས་ལོ་40འཁོར་བའི་ལོ་ཞིག་རེད། རྩིས་བཤེར་གྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་བྱས་ནས་ལས་རིགས་ཀྱི་སྙིང་སྟོབས་གཏོད་པ་དང་ཆེད་ལས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་བཤེར་སྐྱོང་ནན་པོ་བྱས་ཏེ་བློ་དཀར་དང་། སྐྱོན་བྲལ། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་ལ་ཆེད་ལས་ཅན་གྱི་རྩིས་བཤེར་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ་དང་རྩིས་བཤེར་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས། འགན་འཁུར་བློ་མཐུན་གཙོ་བོས་དངོས་སུ་དམ་འཛིན་དང་དངོས་སུ་དོ་དམ་བྱས་ཏེ། རྩིས་བཤེར་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་ནས་སྤྱི་ཡོངས་ལ་དམ་འཛིན་དང་སྤྱི་འདོམས་མཐུན་སྦྱོར་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།