བློ་མཐུན་ལི་ཁེ་ཆང་གི་སྐུ་ཕུང་ཟླ་11ཚེས་2ཉིན་ཞུགས་འབུལ་བྱེད་ཀྱི་ཡོད་པ།
གནམ་བདེ་སྒོ་མོ་སོགས་སུ་རྒྱལ་དར་ཕྱེད་ཀ་ཕབ་ནས་མྱ་ངན་ཞུ་གི་ཡོད་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་། ཉམས་སད་ཡུན་རིང་ཐེག་པའི་ལྷག་བསམ་རྣམ་དག་གི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་བ། ཁྱད་དུ་འཕགས་པའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་དང་ཆབ་སྲིད་མཁས་ཅན། ཏང་དང་རྒྱལ་ཁབ་ཀྱི་ཕུལ་བྱུང་འགོ་ཁྲིད་པ། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་སྐབས་བཅུ་བདུན་པ་དང་། སྐབས་བཅོ་བརྒྱད་པ། སྐབས་བཅུ་དགུ་པ་བཅས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དེ་སྔའི་ཙུང་ལི་བློ་མཐུན་ལི་ཁེ་ཆང་གི་སྐུ་ཕུང་ཟླ་11ཚེས་2ཉིན་པེ་ཅིང་དུ་ཞུགས་འབུལ་བྱེད་ཀྱི་ཡོད་པ་རེད།
བློ་མཐུན་ལི་ཁེ་ཆང་གི་སྐུ་ཕུང་ཟླ་10ཚེས་27ཉིན་ཆེད་གཏོང་གནམ་གྲུས་ཧྲང་ཧའེ་ནས་པེ་ཅིང་དུ་སྐྱེལ་མ་ཞུས་པ་རེད།
བློ་མཐུན་ལི་ཁེ་ཆང་ལ་མྱ་ངན་ཞུ་ཆེད། ཟླ་11ཚེས་2ཉིན་རྒྱལ་སའི་གནམ་བདེ་སྒོ་མོ་དང་། ཤིན་ཧྭ་སྒོ་མོ། མི་དམངས་ཚོགས་ཁང་ཆེ་མོ། ཕྱི་འབྲེལ་པུའུ། དེ་བཞིན་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་ཏང་ཨུད་དང་སྲིད་གཞུང་གནས་ཡུལ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ། མཐའ་མཚམས་འགག་སྒོ་ཁག ཕྱི་ལ་ཕྱོགས་པའི་མཁའ་ལམ་མཚོ་ལམ་གྲུ་ཁ། ཕྱི་རྒྱལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་བཅས་ཀྱིས་རྒྱལ་དར་ཕྱེད་ཀ་ཕབ་ནས་མྱ་ངན་ཞུ་གི་ཡོད་པ་རེད།