ལྷ་གྲུ་ཨང་བཅུ་དྲུག་པའི་མི་བཞུགས་འཕུར་གྲུའི་ཕྱིར་ལོག་གྲུ་ཚང་བདེ་བླག་ངང་བབས་པ།
བར་སྣང་ས་ཚིགས་ཀྱི་ཉེར་སྤྱོད་དང་འཕེལ་རྒྱས་དུས་མཚམས་ཀྱི་མི་བཞུགས་འཕུར་སྐྱོད་ལས་འགན་ཐོག་མ་བདེ་བླག་ངང་ལེགས་གྲུབ་བྱུང་བ།
ཟླ་10ཚེས་31ཉིན་གྱི་ཆུ་ཚོད་8དང་སྐར་མ་11ལ། ལྷ་གྲུ་ཨང་བཅུ་དྲུག་པའི་མི་བཞུགས་འཕུར་གྲུའི་ཕྱིར་ལོག་གྲུ་ཚང་ཤར་རླུང་འབབ་ཐང་དུ་བདེ་བླག་ངང་བབས་ཡོད། ས་གནས་ས་ཐོག་གི་སྨན་བཅོས་ལྟ་ཞིབ་དང་སྨན་བཅོས་བདེ་སྲུང་མི་སྣས་འཇིག་རྟེན་འཕུར་སྐྱོད་པ་ཅིང་ཧའེ་ཕུང་དང་། ཀྲུའུ་དབྱང་ཀྲུའུ། ཀུའེ་ཧའེ་ཁྲའོ་བཅས་ཀྱི་གཟུགས་པོའི་གནས་ཚུལ་ཡག་པོ་ཡོད་པ་གཏན་འཁེལ་བྱས་པ་དང་། ལྷ་གྲུ་ཨང་བཅུ་དྲུག་པའི་མི་བཞུགས་འཕུར་སྐྱོད་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་རེད།
2023ལོའི་ཟླ་5ཚེས་30ཉིན་ལྷ་གྲུ་ཨང་བཅུ་དྲུག་པའི་མི་བཞུགས་འཕུར་གྲུ་དེ་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་འཕེན་གཏོང་བྱས་པ་དང་། དེ་རྗེས་མཁའ་མཐུན་ལྟེ་ཚང་དང་འབྲེལ་མཐུད་བྱས་ནས་སྡེབ་སྒྲིག་ཕུང་པོ་ཆགས་ཡོད། བར་སྣང་ས་ཚིགས་ཉེར་སྤྱོད་དང་འཕེལ་རྒྱས་དུས་ཚམས་ཀྱི་མི་བཞུགས་འཕུར་སྐྱོད་ལས་འགན་ཁག་དང་པོ་འཁུར་མཁན་འཇིག་རྟེན་འཕུར་སྐྱོད་པའི་མཁའ་སྐྱོད་ཚོགས་ཆུང་གི་འཇིག་རྟེན་འཕུར་སྐྱོད་པ་གསུམ་གྱིས་འཁོར་ལམ་དུ་ཉིན་154སྡོད་རིང་གྲུ་ཚང་ནས་དོན་པའི་བྱེད་སྒོ་ཐེངས་1དང་ཀྲུང་གོའི་བར་སྣང་ས་ཚིགས་ཀྱི་བར་སྣང་སློབ་ཁྲིད་བྱེད་སྒོ་ཐེངས་4སྤེལ་བ་དང་། བར་སྣང་ས་ཚིགས་ལ་གཞོགས་འདེགས་ཀྱིས་དངོས་ཟོག་གྲུ་ཚང་ནས་འདོན་པའི་ལས་འགན་ཐེངས་མང་ལེགས་སྒྲུབ་བྱས་ཏེ། བར་སྣང་ས་ཚིགས་ཀྱི་ལས་འགན་རྒྱུན་རྣམ་ཅན་གྱི་སྒོ་ནས་ལག་ལེན་བསྟར་རྒྱུར་རྨང་གཞི་བཏིང་ཡོད།
ད་ཐེངས་ཀྱི་ལས་འགན་ནི་རང་རྒྱལ་གྱི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་འདུ་འགོད་བར་སྣང་ས་ཚིགས་ཉེར་སྤྱོད་དང་འཕེལ་རྒྱས་དུས་མཚམས་སུ་སླེབས་པའི་མི་བཞུགས་འཕུར་སྐྱོད་ཀྱི་ལས་འགན་ཐོག་མ་དེ་ཡིན། འཇིག་རྟེན་འཕུར་སྐྱོད་པའི་མཁའ་སྐྱོད་ཚོགས་ཆུང་དང་ས་ངོས་ཚན་ཞིབ་མི་སྣའི་གཞོགས་འདེགས་དམ་ཟབ་འོག་མི་རྐྱེན་འདུ་འགོད་དང་། མཁའ་སྐྱོད་གསོ་རིག ཚེ་སྲོག་སྐྱེ་ཁམས། སྐྱེ་དངོས་ལག་རྩལ། རྒྱུ་ཆའི་ཚན་རིག འཇིག་རྟེན་འཕུར་སྐྱོད་ལག་རྩལ་སོགས་བར་སྣང་ཚན་རིག་དང་ཚོད་ལྟ་ཁག་མང་པོ་བྱས་ནས། བར་སྣང་ཚེ་སྲོག་ཚན་རིག་དང་མིའི་གཟུགས་པོའི་ཞིབ་འཇུག་དང་ལྗིད་ཚད་དམའ་བའི་དངོས་ཁམས་དང་བར་སྣང་ལག་རྩལ་གསར་པ་སོགས་ཀྱི་ཁྱབ་ཁོངས་ལ་གྲུབ་འབྲས་གལ་ཆེན་ཐོབ་སྟེ། མི་བཞུགས་འཇིག་རྟེན་འཕུར་སྐྱོད་འདུ་འགོད་འཛུགས་སྐྲུན་ནས་ཉེར་སྤྱོད་དང་མ་འཇོག་ནས་ཐོན་སྐྱེད་ལ་བསྒྱུར་བའི་གོམ་པ་གལ་ཆེན་ཞིག་སྤོས་ཡོད།
ཟླ་10ཚེས་13ཉིན་འཇིག་རྟེན་འཕུར་སྐྱོད་པའི་མཁའ་སྐྱོད་ཚོགས་ཆུང་གནམ་གྲུར་བསྡད་ནས་པེ་ཅིང་དུ་འབྱོར་བ་རེད།
ཟླ་10ཚེས་31ཉིན་གྱི་ཆུ་ཚོད་8དང་སྐར་མ་11ཙམ་ལ། ལྷ་གྲུ་ཨང་བཅུ་དྲུག་པའི་མི་བཞུགས་འཕུར་གྲུའི་ཕྱིར་ལོག་གྲུ་ཚང་ཤར་རླུང་འབབ་ཐང་དུ་བདེ་བླག་ངང་བབས་ཤིང་། འདི་ནི་འཇིག་རྟེན་འཕུར་སྐྱོད་པ་ཀྲུའུ་དབྱང་ཀྲུའུ་བདེ་བླག་ངང་གྲུ་ཚང་ནས་དོན་བཞིན་པ།
ཟླ་10ཚེས་31ཉིན་གྱི་ཆུ་ཚོད་8དང་སྐར་མ་11ཙམ་ལ། ལྷ་གྲུ་ཨང་བཅུ་དྲུག་པའི་མི་བཞུགས་འཕུར་གྲུའི་ཕྱིར་ལོག་གྲུ་ཚང་ཤར་རླུང་འབབ་ཐང་དུ་བདེ་བླག་ངང་བབས་ཤིང་། འདི་ནི་འཇིག་རྟེན་འཕུར་སྐྱོད་པ་ཀུའེ་ཧའེ་ཁྲའོ་བདེ་བླག་ངང་གྲུ་ཚང་ནས་དོན་བཞིན་པ།
ཟླ་10ཚེས་31ཉིན་ལྷ་གྲུ་ཨང་བཅུ་དྲུག་པའི་མི་བཞུགས་འཕུར་གྲུའི་ཕྱིར་ལོག་གྲུ་ཚང་ཤར་རླུང་འབབ་ཐང་དུ་བདེ་བླག་ངང་བབས་ཤིང་། འདི་ནི་འཇིག་རྟེན་འཕུར་སྐྱོད་པ་ཅིང་ཧའེ་ཕུང་བདེ་བླག་ངང་གྲུ་ཚང་ནས་དོན་བཞིན་པ།