དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • རྨ་ཆུའི་འགྲམ་ངོགས་སུ་བདེ་སྐྱིད་འཚོ་བར་རོལ་བའི་མཚོ་སྔོན་གཅན་ཚ་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-11-02

    སྟོན་མཇུག་ཏུ་རྨ་ཆུའི་ངོགས་གཉིས་ཀྱི་ལྗོན་ཤིང་གི་ལོ་འདབ་སེར་པོར་གྱུར་པ་དང་། ཆུ་བོའི་ཟེགས་མ་མཁའ་ལ་འཕྱོ་ཞིང་། རི་ཆུའི་བཀོད་པ་ཉམས་དགའ་བ་བཅས་གཅིག་ལ་གཅིག་འགྲན་དུ་སྣང་བའི་ཡུལ་ལྗོངས་ནི་པིར་རྩལ་མཁན་པོའི་པིར་རྩེ་ལས་འཁྲུངས་པའི་ཚོན་ལྡན་རི་མོ་ཞིག་དང་ཀུན་ནས་མཚུངས། བདེ་སྐྱིད་གྲོང་ཚོར་སྐྱོད་སྐབས་བོད་བཟོའི་ཁང་པ་སྟར་པ་རེ་རེ་རྨ་ཆུའི་ངོགས་སུ་འགྱིང་ངེར་ཆགས་པ་དང་། ཁང་པའི་དབུས་སུ་རིག་གནས་ཐང་ཆེན་བསྐྲུན་ཡོད། ཉེ་འགྲམ་དུ་ཆགས་པའི་རྨ་ཆུའི་ཆུ་འཁོར་ཆེན་པོ་དལ་བུར་འཁོར་བཞིན་ཡོད་པ་དེས་མཛེས་སྡུག་ལྡན་པའི་གྲོང་ཚོ་དེའི་ཕྱི་ནང་གི་བཀོད་པ་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བར་དཔང་པོ་བྱེད་པ་ལྟར་དུ་སྣང་།

    མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གཅན་ཚ་རྫོང་གི་བདེ་སྐྱིད་གྲོང་ཚོ་ནི་གནས་སྤོས་དབུལ་སྐྱོར་གྲོང་ཚོ་ཞིག་ཡིན། 2016ལོར། མང་ཚོགས་དབུལ་པོ་རང་བྱུང་ཆ་རྐྱེན་ཧ་ཅང་ཞན་པ་དང་འགྲིམ་འགྲུལ་སྟབས་བདེ་མེད་པའི་འཚོ་བའི་དཀའ་གནད་ལས་སྒྲོལ་ཆེད། གཅན་ཚ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས“རི་ལྡེབས་ཀྱི་གནད་དོན་རི་གཤམ་ནས་ཐག་གཅོད་བྱེད་པའི”བསམ་ཕྱོགས་བཏོན། 2017ལོར། གཅན་ཚ་རྫོང་གི་ཤང་དང་གྲོང་རྡལ་བདུན་གྱི་གྲོང་ཚོ་30ཡི་དུད་ཚང་251གི་གྲོང་མི་946རི་གྲོང་གི་དབུས་ནས་རྨ་ཆུའི་ངོགས་ཀྱི་གནམ་གཤིས་དྲོ་ལ་ཡུལ་ལྗོངས་སྐྱིད་པའི་ཁང་བཟང་དུ་སྤོས།

    གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་སོང་བ་དང་བསྟུན་ནས་བདེ་སྐྱིད་གྲོང་ཚོ་ཡང་གནས་སྤོས་དབུལ་སྐྱོར་གྲོང་ཚོ་ནས་དྲ་ཐོག་མིང་ཅན་གྱི་ཡུལ་སྐོར་གྲོང་ཚོར་འཕོ་འགྱུར་བྱུང་། གྲོང་མི་ཚོས་ཐོན་ཁུངས་ཀྱི་ལེགས་ཆ་སྤྱད་དེ་ཞིང་པའི་སྤྲོ་སྐྱིད་ཁང་གཉེར་བ་དང་རང་ཡུལ་གྱི་ཞིམ་ཟས་བཟོས་པས་ཐག་རིང་གི་ཡུལ་སྐོར་བ་མ་བོས་མགྲོན་དུ་སླེབས།

    2018ལོའི་ཟླ་དྲུག་པར་གསར་འགོད་པ་གྲོང་མི་ཟླ་བྷའི་དམངས་སྲོལ་གནས་ཚང་དུ་ཐེངས་དང་པོ་འགྲོ་སྐབས། སྒོ་ར་གྲུ་བཞིའི་ནང་གི་ཤིང་ཁང་དབུས་སུ་བཙུགས་པའི་བོད་བཟོའི་ལྕགས་ཐབ་སྟེང་ལྷོག་ལྷོག་ཏུ་འཁོལ་བའི་འོ་ཇའི་དྲི་མ་རླུང་ཕྱོགས་དང་འགྲོགས་ནས་སྣ་ལམ་དུ་འཐུལ་འོང་། ལོ་དེར་གྲོང་མི་དུད་ཚང་30ཙམ་གྱིས་གྲོང་ཚོའི་ལས་བྱེད་པའི་འབོད་སྐུལ་འོག་རང་མོས་ལྟར་ཞིང་པའི་སྤྲོ་སྐྱིད་ཁང་གཉེར་བ་མ་ཟད། མ་བྱན་གྱི་གསོ་སྦྱོང་ལ་ཞུགས། “ཐོག་མར་ང་ཚོ་སྦྱོང་འདོད་དེ་ཙམ་མ་བྱུང་། གང་ཡིན་ཟེར་ན། ཕོ་ཁྱོ་ག་ཐབ་ཚང་ནང་འཛུལ་ན་གཞན་གྱིས་འཕྱ་སྨོད་བྱེད་པར་དོགས”ཞེས་ཟླ་བྷས་བཤད།

    2019ལོའི་ཟླ་བཅུ་གཅིག་པར་གསར་འགོད་པས་སླར་ཡང་ཟླ་བྷ་མཐོང་སྐབས་ཁོང་གིས་པང་ཁེབས་ཤིག་དཀྲིས་ནས་ཚྭ་སྦྱངས་ཤ་ཚལ་བཟོ་སྒང་རེད་འདུག “ད་ཆ་གྲོང་ཚོའི་ནང་གི་ཕོ་གཞོན་རྣམས་ང་དང་གཅིག་པ་རེད། མ་བྱན་གྱི་གསོ་སྦྱོང་ལ་ཧུར་ཐག་ཞུགས་པ་མ་ཟད། སུའི་ཁ་ལག་ཞིམ་པ་ཡོད་མེད་དང་སུས་དངུལ་མང་བ་གསོག་ཐུབ་མིན་འགྲན་བཞིན་ཡོད”ཅེས་ཟླ་བྷས་འཛུམ་དམུལ་དམུལ་དུ་བཤད། དེ་དུས་བདེ་སྐྱིད་གྲོང་ཚོ་མཚོ་སྔོན་གྱི་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་དྲ་ཐོག་མིང་ཅན་གྲོང་ཚོར་གྱུར་ཟིན་ཞིང་། ལོ་དེར་ཡུལ་སྐོར་བ་མི་ཐེངས་ཁྲི་28ཙམ་ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི་740ཙམ་རག་པ་དང་། མང་ཚོགས་ལ་སྒོར་ཁྲི་80ལྷག་ཙམ་བགོ་འགྲེམས་བརྒྱབ་པ་རེད།

    འདི་ལོའི་ཟླ་བཞི་པར་ཟླ་བྷའི་ཐོག་སོ་གཉིས་ལྡན་གྱི་ཇ་ཁང་དངོས་སུ་གཉེར་འགོ་ཚུགས། ཚལ་ཐོའི་ནང་ཚལ་སྣ་ཁ་40ལྷག་ཙམ་ཡོད། ཟླ་དགུ་པ་བར་ཟླ་བྷའི་ཁྱིམ་གྱིས་དམངས་སྲོལ་གནས་ཚང་དང་། ཟ་ཁང་། ཙག་ཙིག་ཚོང་ཁང་བཅས་གཉེར་བར་ཡོང་འབབ་སྒོར་ཁྲི་4ལྷག་ཙམ་བྱུང་ཡོད། བདེ་སྐྱིད་གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོ་ཆན་ཝེ་ཡིས། གྲོང་མི་ཚོའི་མི་རེའི་ཆ་སྙོམས་ལོའི་ཡོང་འབབ་2016ལོའི་སྒོར་3258ནས་2022ལོའི་སྒོར་13000བར་འཕར་ཡོད་ཅེས་གསར་འགོད་པར་བརྗོད།

    གྲོང་ཚོའི་འགྲམ་ནས་རྨ་ཆུ་དལ་བུར་མདུན་དུ་བཞུར། ཆུ་འགྲམ་གྱི་གྲམ་ཐང་སེར་པོའི་སྣེ་མོ་གཞན་དེར་གྲོང་ཚོ་གསར་རྐྱང་སྟེ་གླེ་གཞུག་གྲོང་ཚོ་ཆགས་ཡོད། 2019ལོའི་ཟླ་1ཚེས་7ཉིན་གླེ་གཞུག་གྲོང་ཚོ་ཆ་རྐྱེན་ཧ་ཅང་ཞན་པའི་རི་ལྡེབས་ནས་རི་གཤམ་དུ་སྤོས་རྗེས་གྲོང་ཚོ་དེ་བདེ་སྐྱིད་གྲོང་ཚོའི་ཡུལ་སྐོར་ཐོན་ལས་འཁོར་འབྲེལ་གྱི་སྣུར་སྲིང་ཁུལ་དུ་གྱུར།

    “འདི་ལོ་ཞིང་པའི་སྤྲོ་སྐྱིད་ཁང་ཟླ་བཞི་གཉེར་སྐྱོང་བྱས་པར་ཡོང་འབབ་སྒོར་ཁྲི་2ཙམ་བྱུང་། གྲོང་ཚོའི་ནང་གི་མ་བྱན་གྱི་གསོ་སྦྱོང་ལ་ཞུགས་པས་ང་བོད་ཟས་བཟོ་འདོད་ཆེ་རུ་ཕྱིན་སོང”ཞེས་གླེ་གཞུག་གྲོང་ཚོའི་གྲོང་མི་ཚེ་བརྟན་གྱིས་གསར་འགོད་པར་བརྗོད། ད་དུང་ཁོང་གིས་ཐབ་ཚང་བཟོ་བཅོས་བརྒྱབ་ནས་ནང་ཆས་བསྒྲིགས་ཏེ་ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་འགུག་རྩིས་བྱེད་བཞིན་མཆིས།

    གླེ་གཞུག་གྲོང་ཚོའི་དམངས་སྲོལ་གནས་ཚང་ཚོང་ལས་ཁུལ་གྱིས་བརྒྱ་ཟོག་ཚོང་ཁང་འཛུགས་པ་དང་ཁྲོམ་ཙག་ཙིག་འདོན་པ་སོགས་བྱས་ནས། ཡུལ་སྐོར་བར་ལྗོངས་གཟིགས་དང་བཟའ་བཏུང་སོགས་ཀྱི་ཞབས་འདེགས་ཞུ་བ་དང་ཆབས་ཅིག་གྲོང་མི་རྣམས་གྲོང་ཚོའི་ཉེ་འགྲམ་དུ་ལས་ཀ་རག་ཐབས་བྱེད་བཞིན་ཡོད། “ང་ཚོས་གྲོང་ཚོ་དེ་རང་གི་གྲོང་མི་28ལས་ཀར་བཅུག་པ་ཡིན། འདི་ལོ་གྲོང་ཚོའི་མཉམ་སྡེབ་ལ་བགོ་འགྲེམས་སྒོར་ཁྲི་15བརྒྱབ་པ་ཡིན། ཕྱིས་སུ་ལོ་ལྟར་སྒོར་ཁྲི་ལྔ་རེ་སྤོར་རྩིས་ཡོད”ཅེས་གླེ་གཞུག་གྲོང་ཚོའི་གཙོ་གནད་དམངས་སྲོལ་གནས་ཚང་གི་རྣམ་གྲངས་སྐྲུན་མཁན་ཧུའུ་ཀྲོའུ་ཧོ་ཅ་ཤིང་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་སུན་དབྱིང་དབྱི་ཡིས་བཤད།

    “གྲོང་ཚོའི་མིང་ལ་བདེ་སྐྱིད་ཅེས་འདོགས་དོན་ནི་ང་ཚོས་ཏང་དང་སྲིད་གཞུང་གི་བཀའ་དྲིན་སེམས་ལ་བཅངས་ནས། རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ཏེ་འཚོ་བ་སྔར་བས་བདེ་ཞིང་སྐྱིད་པ་དང་ཡུལ་སྐོར་བ་ཚོ་སྣང་བ་སྤྲོ་པོ་ཡོང་ཆེད་རེད”ཅེས་བདེ་སྐྱིད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཤ་བོ་དོན་གྲུབ་ཀྱིས་བཤད།

    2020ལོའི་ཟླ་བདུན་པར་བདེ་སྐྱིད་གྲོང་ཚོར་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོའི་མཚན་སྙན་ཐོབ་པ་དང་། 2022ལོར་གླེ་གཞུག་གྲོང་ཚོ་ཀྲུང་གོའི་མཛེས་སྡུག་སྤྲོ་གསེང་གྲོང་ཚོར་བདམས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།