ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་ཀྲུང་གླིང་ཤང་གིས་སྒོ་རྩར་བསྐྱོད་ནས་དབང་པོ་སྐྱོན་ཅན་ལ་ཞབས་འདེགས་ཧུར་ཐག་ཞུས་པ།
ཉེ་ཆར། ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཛོ་སྒང་རྫོང་མི་དམངས་སྨན་ཁང་དང་མཉམ་དུ་ཀྲུང་གླིང་ཤང་དུ་བསྐྱོད་ནས། “དབང་སྐྱོན་ཞིབ་དཔྱད་གཏན་འཁེལ་གྱིས་སྒོ་རྩར་ཞབས་འདེགས་ཞུ་བ་དང་སྙིང་ཉེ་བའི་ཞབས་འདེགས་ཞུས་ནས་མི་སེམས་ལ་དྲོ་སྐྱིད་སྦྱིན་པའི”བྱེད་སྒོ་སྤེལ་ཏེ་ཡུན་རིང་ཉལ་སར་ལུས་པའི་ནད་པ་དང་། འཚོ་བ་རང་མགོ་མི་ཐོན་པ། སྒུལ་སྐྱོད་སྟབས་མི་བདེ་བ། སྨན་ཁང་ལ་འགྲོ་མ་ཐུབ་པ་བཅས་ཀྱི་དབང་པོ་སྐྱོན་ཅན་ཚབས་ཆེན་4ལ་གཅིག་སྡུད་སྒོ་རྩར་དབང་སྐྱོན་ཞིབ་དཔྱད་གཏན་འཁེལ་གྱི་ཞབས་འདེགས་ཞུས་ཏེ་ཁོ་ཚོར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཚོར་དུ་བཅུག་པ་རེད།
དུད་ཚང་རེར་སླེབས་རིམ་བཞིན་དབང་སྐྱོན་ཞིབ་དཔྱད་གཏན་འཁེལ་བྱེད་མཁན་སྨན་པས་ལག་ཁྱེར་གཉེར་དགོས་པའི་དབང་པོ་སྐྱོན་ཅན་དང་དེ་བཞིན་ནང་མིར་དབང་པོ་སྐྱོན་ཅན་གྱི་ལག་ཁྱེར་གཉེར་སྐབས་ཀྱི་དོན་ཚན་དང་། གཉེར་བའི་བརྒྱུད་རིམ། དེ་བཞིན་དབང་པོ་སྐྱོན་ཅན་ཚབས་ཆེན་ལ་ལྟ་སྐྱོང་ཁ་གསབ་རེ་འདུན་ཞུ་བའི་འབྲེལ་ཡོད་དོན་དག་འགྲེལ་བཤད་བརྒྱབ་ཅིང་། དབང་པོ་སྐྱོན་ཅན་གྱི་གཟུགས་པོའི་གནས་ཚུལ་དང་འབྲེལ་ཡོད་ནད་ཐོའི་དཔྱད་ཡིག་ལ་ཡག་པོ་བལྟས་པ་དང་། དེའི་ནད་ཐོ་དང་དབང་པོ་སྐྱོན་ཅན་ཆགས་རྐྱེན་གསལ་པོ་དྲིས་ཏེ་འགྲོ་ལུགས་གཉེར་བའི་དཔྱད་ཡིག་བསྡུ་རུབ་ལས་དོན་ལེགས་པར་བསྒྲུབས་པ་དང་ཆབས་ཅིག དོན་དངོས་གནས་ཚུལ་ལ་གཞིགས་ནས་དབང་པོ་སྐྱོན་ཅན་གྱི་རིམ་པ་ཞིབ་དཔྱད་གཏན་འཁེལ་བྱས་ཏེ་ཁོ་ཚོར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཚོར་དུ་བཅུག་པ་རེད།
ད་ཐེངས་ཀྱི་དབང་སྐྱོན་ཞིབ་དཔྱད་གཏན་འཁེལ་ལས་དོན་སྒོ་རྩར་སྤེལ་ནས་དབང་པོ་སྐྱོན་ཅན་གྱི་དཀའ་གནད་ཐག་གཅོད་ཏན་ཏིག་བྱས་པར། དབང་པོ་སྐྱོན་ཅན་དང་ཁོ་ཚོའི་ནང་མིའི་གདེང་འཇོག་བཟང་པོ་ཐོབ་ཡོད། གོམ་སྟབས་རྗེས་མར། ཆབ་མདོ་གྲོང་ཁྱེར་གྱི་རིམ་ཁག་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལས་ཀའི་ལམ་སྲོལ་ཟམ་མི་ཆད་པར་གསར་གཏོད་བྱས་ནས་སེམས་རྩ་འཁོལ་པོས་ཞབས་འདེགས་ཞུ་བ་དམ་འཛིན་བྱ་་གཞི་དང་། སེམས་ནུས་ཡོད་རྒུས་དབང་པོ་སྐྱོན་ཅན་ལ་གཅེས་སྐྱོང་། དམངས་འཚོའི་དོན་དག་ཆུང་ཙག་ནས་དབང་པོ་སྐྱོན་ཅན་མང་ཚོགས་ལ“ཕན་པ་ཆེན་པོ”ཐོབ་པ་བཅས་བྱས་ནས་དབང་པོ་སྐྱོན་ཅན་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་ཀྱི་ཡོད།