དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་འཕེལ་རིམ་རྒྱུན་མཐུད་མགྱོགས་སུ་འགྲོ་ཡི་ཡོད་པ།

    —— སུའེ་ཏེན་གྱི“རྒྱུད་གཅིག་ལམ་གཅིག”ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཨ་སི་ཁ་ལིར་བཅར་འདྲི་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-11-01

    “འབྱུང་འགྱུར་གྱི་ལོ་བཅུའི་ནང་ང་ཚོས‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་མཉམ་ལས་འཕེལ་རིམ་རྒྱུན་མཐུད་མགྱོགས་སུ་འགྲོ་བ་མཐོང་ཐུབ”ཅེས་ཉིན་ཤས་གོང་སུའེ་ཏེན་གྱི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཧོའུ་སའེ་དབྱིན·ཨ་སི་ཁ་ལིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཡིག་ཐོག་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད།

    ཨ་སི་ཁ་ལི་ཟླ་གོང་མར་པེ་ཅིང་དུ་འཚོགས་པའི“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་ཤིང་། ཁོང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་ནས་ལོ་བཅུ་འཁོར་བའི་སྐབས་སུ་འཚོགས་པའི་ད་ཐེངས་ཀྱི་མཐོ་རིམ་གླེང་སྟེགས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། “ང་ཚོས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་ཁག་གི་ཞི་བདེ་དང་། འཕེལ་རྒྱས། དར་རྒྱས་བཅས་ཀྱི་སྐོར་གྲོས་བསྡུར་བྱས་པ་ཡིན”ཞེས་བརྗོད།

    ཨ་སི་ཁ་ལིས། འདས་ཟིན་པའི་ལོ་བཅུའི་གྲུབ་འབྲས་ཀྱི་རྨང་གཞིའི་ཐོག“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཁྱབ་ཁོངས་དེ་བས་ཕུན་སུམ་ཚོགས་སུ་འགྲོ་སྲིད། ད་ཆ་འཛམ་གླིང་ཐོག་གི་རྒྱལ་ཁབ་མང་ཆེ་བ་དེར་ཞུགས་ཡོད་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་འཛམ་གླིང་ཐོག་གི་མཉམ་ལས་སྟེགས་བུ་གལ་ཆེ་ཤོས་ཀྱི་གྲས་ཤིག་ཏུ་གྱུར་ཡོད་ཅེས་བརྗོད།

    སྐབས་འདིའི་མཐོ་རིམ་གླེང་སྟེགས་ལ་ཀྲུང་གོས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་བྱ་སྤྱོད་ཁག་བརྒྱད་ཁྱབ་བསྒྲགས་བྱས་ཡོད། ཨ་སི་ཁ་ལིས“དེས་འབྱུང་འགྱུར་ལོ་བཅུའི་རིང་གི‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་འདུན་པ་དང་། བྱ་ཐབས། དམིགས་ཚད་བཅས་དེ་བས་ཁ་གསལ་དུ་འགྲོ་ཐུབ་ལ་དེ་བས་ཞིབ་ཕྲ་དང་དངོས་སུ་སྒྲུབ་ཐུབ”ཅེས་བརྗོད།

    འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་ཨ་སི་ཁ་ལིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་གྱི་ཡིན་ལ་ལག་རྩལ་གསར་པ་དང་། གྲངས་འཛིན་ཅན། བཟོ་ལས་ཅན་བཅས་བརྒྱུད་རྒྱལ་ཁབ་དེ་བས་མང་བ་ཞིག་ལ་སྤུས་ཚད་དེ་བས་མཐོ་བའི་འཕེལ་རྒྱས་འགྲོ་བའི་ངོས་འཛིན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།