རང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ།
མིག་སྔའི་བར་གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཁྲི་48.23ཟིན་པ།
ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་ཁྲོམ་རའི་ཁོར་ཡུག་ཆེད་དོན་ཚོགས་ཆུང་གི་ལས་དོན་སྐུལ་སྤེལ་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། རང་ལྗོངས་ཀྱིས་སྔ་རྗེས་སུ་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་དཔལ་འབྱོར་བརྟན་དུ་གཏོང་བའི་དོན་ཚན“38”དང“29”དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་རིགས་འབྲེལ་བྱེད་ཐབས“21”བཏོན་ནས་ཁྲོམ་རའི་སྔོན་དཔག་བརྟན་པོ་དང་གཉེར་སྐྱོང་བྱེད་པོའི་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་བཏང་བ་རེད། མིག་སྔའི་བར་འདི་ལོ་ལྗོངས་ཡོངས་སུ་ཐོ་བཀོད་པའི་གཉེར་སྐྱོང་བྱེད་པོ་གསར་པ་ཁྲི་6.89ཟིན་པ་དང་གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཁྲི་48.23ཟིན་ནས། མ་དངུལ་སྒོར་དུང་ཕྱུར་ཁྲི་2.34ཐོ་བཀོད་པ་དེ་དུས་མཚུངས་ལས་སོ་སོར་11.45%དང་8.31%འཕར་ཡོད་པ་རེད།
འདི་ལོ་ལྗོངས་ཡོངས་ཀྱི་འགན་ནུས་སྡེ་ཚན་ཁག་གིས“ཞིབ་བཤེར་མཆན་འགོད་ཀྱི་དོན་ཚན་ཉུང་ཤོས་དང་། ཞིབ་བཤེར་མཆན་འགོད་ཀྱི་དུས་བཀག་ཐུང་ཤོས། ཞིབ་བཤེར་མཆན་འགོད་ཀྱི་བརྒྱུད་རིམ་ལེགས་ཤོས། ཞིབ་བཤེར་མཆན་འགོད་ཀྱི་ཞབས་འདེགས་ཡག་ཤོས”བཅས་ཀྱི་དམིགས་ཚད་ལ་དམ་པོར་དམིགས་ནས“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ། དྲང་གཞག་ལྷུག་པོ་དང་སྒོ་དབྱེ་བསྟུན་མཁས་ཀྱི་ཁྲོམ་རའི་ཁོར་ཡུག་གཏོད་རིང་གི་རང་ལྗོངས་ཀྱི་འགག་གནད་དང་དཀའ་གནད་ཐག་གཅོད་ཏན་ཏིག་བྱས་ཡོད།
རང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་གིས་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་། ཁེ་ལས་ཀྱི་ཞུགས་འཐུས་ཞབས་འདེགས་ལེགས་སུ་བཏང་བ། ཁེ་ལས་འཛུགས་པའི་འགྲོ་ལུགས་སྒུལ་བདེའི་མཐའ་སྣེ་ལས་གཉེར་བ་འཚོལ་ཞིབ་བྱས་པ། ཁྱབ་ཁོངས་ཁག་ཏུ་གློག་རྡུལ་ལས་གཉེར་ལག་ཁྱེར་ཁྱབ་གདལ་བཏང་ནས་གློག་རྡུལ་ལས་གཉེར་ལག་ཁྱེར་ཁེ་ལས་ཀྱིས་ལས་སྒོ་ཁག་གཉེར་བའི་ཁྲིམས་མཐུན་དང་ནུས་ལྡན་གྱི་ཐོབ་ཐང་དཔང་ཡིག་དང་གློག་རྡུལ་མིང་རྟགས་འགོད་པའི་བྱ་ཐབས་ལ་བརྩིས་ཡོད། དྲ་ཐོག་དང་དྲ་ཕྱི་མཉམ་འདྲེས་ཀྱི་ཆུ་ཚད་མཐོ་རུ་བཏང་བ་དང་བརྒྱུད་རིམ་ཧྲིལ་པོ་དྲ་བ་ནས་གཉེར་བའི་ལས་ཕྱོད་ཆེ་རུ་བཏང་ཞིང་། མིག་སྔར་བརྒྱུད་རིམ་ཧྲིལ་པོའི་གློག་རྡུལ་ཅན་གྱི་ལས་སྟེགས་བརྒྱུད་ཁེ་ལས་གཉེར་རྒྱུའི་རེ་ཞུ་བྱེད་མཁན་གྱི་གཉེར་སྐྱོང་བྱེད་པོ་99%ཟིན་གྱི་ཡོད་པ་རེད།
དེ་དང་ཆབས་ཅིག་རང་ལྗོངས་ཀྱིས་དམངས་འཚོའི་གཙོ་གནད་ཁྱབ་ཁོངས་ཀྱི་སྒེར་སྡེམ་གྲོས་མཐུན་དང་ཁྲོམ་རའི་བགོ་བཤའི་གནས་བབ་གང་བྱུང་དུ་སྤྱད་རིགས་ཀྱི་ཁྲིམས་སྒྱུར་ཞིབ་བཤེར་ཧུར་ཐག་བྱས་པས“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ལྟ་འདོམས་ཁྱོན་ཡོངས་ལ་ཁྱབ་པ་དང་རྒྱུན་རྣམ་ཅན་དུ་གྱུར་ནས། ལྗོངས་ཡོངས་ཀྱི་རིམ་གསུམ་སྲིད་གཞུང་སྡེ་ཚན་གྱི་གཅིག་གྱུར་གྱི་ལྟ་འདོམས་ལས་སྟེགས་ཤིག་བསྐྲུན་པ་དང་། མིག་སྔར་ཚན་པ་2515ཡིས་ལྟ་འདོམས་ལས་སྟེགས་སྤྱད་དེ་ཆ་འཕྲིན་བསྡུ་རུབ་བྱས་ཡོད། སྡེ་ཚན་22ཀྱིས་མཉམ་འབྲེལ་འཐེན་བཤེར་གྱི་དོན་ཚན་གྱི་གསལ་ཐོ་ཁག་264བཟོ་རྒྱུར་མཐུན་སྦྱོར་སྐུལ་འདེད་བཏང་བ་དང་། ཞིབ་བཤེར་བྱ་ཡུལ་གྱི་མིང་གཞུང་མཛོད་ཁྲི་48ལྷག་ཙམ་དང་ཁྲིམས་སྒྱུར་ཞིབ་བཤེར་མི་སྣའི་མིང་གཞུང་མཛོད་ཁྲི་1ལྷག་ཙམ་གནད་སྨིན་བཙུགས་པ་རེད།
“གོམ་སྟབས་རྗེས་མར་འགན་ནུས་སྡེ་ཚན་ཁག་གིས་མཉམ་འབྲེལ་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་ནས་ས་གནས་སྲིད་གཞུང་གི་མཛུབ་ཁྲིད་དང་། ཁྲོམ་རའི་ལྟ་འདོམས་སྡེ་ཚན་གྱི་སྣེ་ཁྲིད། ལས་རིགས་ཀྱི་གཙོ་གཉེར་སྡེ་ཚན་གྱི་ཞིབ་ཕྲའི་འགན་འཁུར། འབྲེལ་ཡོད་སྡེ་ཚན་ཞུགས་པའི་ཕུགས་ཕན་ལྟ་འདོམས་ལམ་སྲོལ་བཅས་འཛུགས་པར་སྐུལ་འདེད་གཏོང་རྒྱུ་ཡིན། སྡེ་ཚན་མཉམ་འབྲེལ་གྱི‘སྐབས་བསྟུན་གཉིས’ཀྱི་འཐེན་བཤེར་བྱེད་ཟབ་ཏུ་གཏོང་བ་དང་སྡེ་ཚན་ལས་བརྒལ་བའི་ཕྱོགས་བསྡུས་ལྟ་འདོམས་ལས་དོན་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། ཁེ་ལས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོར་ཐེ་ཇུས་བྱེད་ཚད་ཉུང་དུ་ཏན་ཏིག་གཏོང་བ་དང་། ཁེ་ལས་ཀྱི་ཡིད་རྟོན་དང་ཉེན་ཁར་རིགས་དབྱེ་དོ་དམ་བྱེད་ཐབས་ཕྱོགས་བསྡུས་ཀྱིས་བཀོལ་སྤྱོད་བྱེད་སྟངས་ཁྱབ་སྤེལ་བཏང་སྟེ། ཁེ་ལས་ཀྱི་ཡིད་རྟོན་དང་ཉེན་ཁ་རིགས་དབྱེ་བྱས་འབྲས་བེད་སྤྱོད་གང་ལེགས་ཀྱིས་ལས་རིགས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་ཁྱད་པར་ཅན་དང་གནད་སྨིན་ཅན་གྱི་ལྟ་འདོམས་བྱེད་ཀྱི་ཡིན”ཞེས་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཅུས་ཀྲང་རྡོ་རྗེ་དངོས་གྲུབ་ཀྱིས་བཤད།