ཞི་ཅིན་ཕིང་གིས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་མཉམ་སྡེབ་གླེང་མོལ་གནང་སྐབས་ནན་བཤད་གནང་དོན།
བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བུད་མེད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་རྒྱ་ཆེའི་བུད་མེད་སྒྲིག་འཛུགས་དང་སྐུལ་སློང་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཆེད་བུད་མེད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།
ཚའེ་ཆི་ཚོགས་འདུར་ཞུགས་པ།
ཟླ་10ཚེས་30ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་མཉམ་སྡེབ་གླེང་མོལ་གནང་ནས་གསུང་བཤད་གལ་ཆེན་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཚེས་30ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་མཉམ་སྡེབ་གླེང་མོལ་གནང་ནས་གསུང་བཤད་གལ་ཆེན་གནང་བ་རེད། ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་མི་དམངས་ཡོངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་དགོས་ལ་བུད་མེད་ཀྱི་ནུས་པ་ནི་ཚབ་བྱེད་ཐབས་བྲལ་བ་ཞིག་རེད། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བུད་མེད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་རྒྱ་ཆེའི་བུད་མེད་ཚོར་རང་བཀུར་རང་རྟོན་དང་། རང་ཚུགས་རང་དར། རྒྱང་ལམ་གསར་པར་འབད་འབུངས། དུས་རབས་གསར་པར་བྱས་རྗེས་འཇོག་པ་བཅས་བྱེད་པར་ལྕག་སྐུལ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཆེད་བུད་མེད་ཀྱི་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཚའེ་ཆི་མཉམ་སྡེབ་གླེང་མོལ་ནང་ཞུགས་པ་རེད།
ཞི་ཅིན་ཕིང་གིས་དང་ཐོག་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་བུད་མེད་ལས་དོན་ལ་འགོ་ཁྲིད་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་བ་དང་། བུད་མེད་ཀྱི་ཁེ་དབང་འགན་སྲུང་གི་ཁྲིམས་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ། བུད་མེད་འཕེལ་རྒྱས་ཀྱི་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་བཏང་བ། བུད་མེད་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་བ་བཅས་རེད། འདས་ཟིན་པའི་ལོ་5ཡི་ནང་། རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཁྲིད་སྟོན་དང་། ཞབས་ཞུ། འབྲེལ་གཏུག་བཅས་ཀྱི་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་། རྒྱ་ཆེའི་བུད་མེད་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་མཐའ་མའི་རྒྱལ་ཁ་ལེན་པ། ཏོག་གསར་རིམས་ནད་ལ་འགོག་རྒོལ་བྱེད་པ། ཚན་རྩལ་གསར་གཏོད། གྲོང་གསེབ་དར་རྒྱས་སོགས་ཀྱི་གཡུལ་ས་གཙོ་བོར་དཔའ་ངར་ཆེན་པོས་འབད་འཐབ་བྱེད་པ། ཁྱིམ་ཚང་དང་། ཁྱིམ་ཚང་གི་སློབ་གསོ། ཁྱིམ་སྲོལ་བཅས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། བློ་རྩེ་གཅིག་སྒྲིམ་གྱིས་ཁེ་དབང་སྲུང་སྐྱོང་དང་གཅེས་སྐྱོང་ལ་ཞབས་འདེགས་ཡག་པོ་ཞུ་བ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ། ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། སྦྲེལ་ཟམ་དང་སྦྲེལ་ཐག་གི་ནུས་པ་སྔར་བས་འདོན་སྤེལ་བཅས་བྱས་ཡོད་པས་ཏང་ཀྲུང་དབྱང་གིས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་ལ་ཐུགས་རེ་ཟབ་མོ་བཅོལ་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། བུད་མེད་ཀྱི་བྱ་གཞག་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ཐད་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་ཏང་དང་བསམ་སྦྱོར་གཅིག་མཐུན་ཡོང་བར་བྱེད་དགོས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱེད་དགོས། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཐད་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་རྒྱུན་འཁྱོངས་བྱས་ནས་རང་རྒྱལ་གྱི་བུད་མེད་བྱ་གཞག་གི་ཆབ་སྲིད་ཀྱི་ངོ་བོ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ངེས་གནས་ཁོང་དུ་བརྟན་པོ་ཆུད་པ་བྱེད་པ་དང་། བུད་མེད་ཀྱི་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། རྒྱུན་སྲིང་ལྷོད་མེད་ངང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱས་ཏེ་རྒྱ་ཆེའི་བུད་མེད་ཚོར་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་རྒྱུར་ཁྲིད་སྟོན་བྱེད་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པར་དམ་པོར་དམིགས་ཏེ་ལས་ཀའི་ཤུགས་རྒྱག་ས་གནད་སྨིན་འཚོལ་བ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དེ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཞིབ་ཕྲའི་ལས་འགན་ལ་སྒྱུར་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། ཆུ་ཚད་མཐོ་བའི་ཚན་རྩལ་ཐད་ཀྱི་རང་ཚུགས་རང་དར་མངོན་འགྱུར། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ཀྱི་ཁྲོད་རྒྱ་ཆེའི་བུད་མེད་ཀྱི་རང་ངོས་ཀྱི་ལེགས་ཆ་དང་ནུས་པ་འདོན་སྤེལ་ཧུར་ཐག་བྱེད་པར་ལྕག་སྐུལ་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཁྱིམ་ཚང་འཆམ་མཐུན་དང་། ཁྱིམ་ཚང་གི་སློབ་གསོ་ལེགས་པ། ཁྱིམ་སྲོལ་བཟང་བ་བཅས་ཡོད་ཚེ་བུ་ཕྲུག་བདེ་ཐང་ངང་འཚར་ལོངས་ཡོང་ཐུབ་པ་དང་སྤྱི་ཚོགས་གཞི་ནས་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་ཐུབ། བུད་མེད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་བུད་མེད་རང་ངོས་ཀྱི་འཕེལ་རྒྱས་དང་འབྲེལ་བ་ཡོད་པ་མ་ཟད། ཁྱིམ་ཚང་འཆམ་མཐུན་དང་། སྤྱི་ཚོགས་ཞི་མཐུན། རྒྱལ་ཁབ་འཕེལ་རྒྱས། མི་རིགས་ཡར་ཐོན་བཅས་དང་འབྲེལ་བ་ཡོད། ཁྱིམ་སྲོལ་སྐོར་གྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་དང་ཁྱིམ་སྲོལ་བཟང་པོ་འཛུགས་པའི་ཐད་ཀྱི་རྒྱ་ཆེའི་བུད་མེད་ཀྱི་ཐུན་མོང་མ་ཡིན་པའི་ནུས་པ་འདོན་སྤེལ་བྱེད་པར་ཁྲིད་སྟོན་བྱས་ནས་ཁྱིམ་ཚང་གི་ཡ་རབས་སྲོལ་བཟང་གཏོད་དགོས། གཉེན་སྒྲིག་དང་བུ་བཙའི་རིག་གནས་གསར་པ་སྐྱེད་སྲིང་ཧུར་ཐག་བྱེད་པ་དང་། ན་གཞོན་གྱི་གཉེན་སྒྲིག་ལྟ་བ་དང་། བུ་བཙའི་ལྟ་བ། ཁྱིམ་ཚང་གི་ལྟ་བ་བཅས་ལ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་བུ་བཙའི་རྒྱབ་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་སྟེ་མི་འབོར་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་མི་འབོར་ན་རྒས་ཅན་དུ་འགྱུར་བར་ཁ་གཏད་ཧུར་ཐག་གཅོག་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་དང་། ཕོ་མོ་འདྲ་མཉམ་དང་བུད་མེད་དང་བྱིས་པ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ནང་དོན་གལ་ཆེན་ཞིག་རེད། རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་རང་འགུལ་ངང་བྱས་རྗེས་ཧུར་ཐག་འཇོག་པ་དང་བུད་མེད་དང་བྱིས་པའི་ཁེ་དབང་ལ་ཤུགས་རྐྱེན་བཟོ་བ་དང་གནོད་འཚེ་གཏོང་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཡོང་འབབ་དམའ་བའི་བུད་མེད་དང་། བུད་མེད་རྒན་རྒོན། དབང་སྐྱོན་བུད་མེད་སོགས་དཀའ་ངལ་ཡོད་པའི་བུད་མེད་ལ་སེམས་ཁུར་དང་རོགས་སྐྱོར་བྱེད་པ་དང་། འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་ཕྱོགས་འགྲོའི་བྱིས་པ་དང་གཞིས་ལུས་བྱིས་པར་གཅེས་སྐྱོང་དང་ཞབས་འདེགས་ཞུ་དགོས། བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་བྱེད་པའི་ལས་དོན་རྒྱུན་གཏན་ལྟར་སྤེལ་བ་དང་། རྒྱུན་དུ་དམ་འཛིན་བྱེད་པ། གཞི་རིམ་དུ་དོན་འཁྱོལ་བཅས་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། བུད་མེད་མཉམ་འབྲེལ་ལྷན་ཚོགས་ནི་ཏང་དང་སྲིད་གཞུང་གིས་བུད་མེད་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་འབྲེལ་ཟམ་ལྟ་བུ་རེད། དེའི་ཆབ་སྲིད་ཀྱི་རང་བཞིན་དང་། སྔོན་ཐོན་གྱི་རང་བཞིན། མང་ཚོགས་ཀྱི་རང་བཞིན་བཅས་རྒྱུན་འཁྱོངས་དང་ཤུགས་ཆེར་གཏོང་རྒྱུར་དམིགས་ཏེ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩ་འཛུགས་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ཞན་ཆ་སེལ་བ་དང་། རྨང་གཞི་འདིང་བ། གསོན་ཤུགས་འཕེལ་བ་བཅས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་འཛུགས་སྐྱོང་ཁག་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས། གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་སྟོན་ཕྱོགས་མངོན་གསལ་དོད་པོ་བཙུགས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ་གཞི་རིམ་བུད་མེད་ཀྱི་བསམ་བློ་གཏོང་ས་དང་རེ་སྒུག་བྱེད་ས་དང་བུད་མེད་ལས་དོན་གྱི་འཕྲལ་མཁོ་ཤེས་རྟོགས་བྱས་ནས་ཐོན་ཁུངས་དང་ཞབས་ཞུ་དེ་བས་མང་བ་གཞི་རིམ་ལ་ཕྱོགས་རྒྱུར་སྐུལ་འདེད་གཏོང་དགོས། དཔལ་འབྱོར་གྱི་རྩ་འཛུགས་གསར་པ་དང་། སྤྱི་ཚོགས་ཀྱི་རྩ་འཛུགས་གསར་པ། ལས་ཞུགས་ཀྱི་ཚོགས་སྤྱི་གསར་པ་སོགས་ཁྱབ་ཁོངས་གསར་པའི་ནང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩ་འཛུགས་འཛུགས་ཤུགས་ཆེ་རུ་བཏང་ནས་ཁྱོན་ཡོངས་ལ་ཁྱབ་པ་དང་དྲ་ཐོག་གི་མང་ཚོགས་ལམ་ཕྱོགས་ཐོག་ཡག་པོ་བསྐྱོད་དེ། ཏང་གིས་སྲིད་སྐྱོང་བའི་བུད་མེད་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བུད་མེད་ཀྱི་བྱ་གཞག་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བ་དང་། རྒྱ་ཆེའི་བུད་མེད་མང་ཚོགས་ལ་ཞབས་འདེགས་ཞུ་བ། བུད་མེད་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་ཟོན་དང་སེལ་བ་བཅས་ཀྱི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། རིམ་ཁག་ཏང་ཨུད་ཀྱིས་ཏང་གིས་བུད་མེད་ལས་དོན་ལ་དོ་དམ་བྱེད་པའི་ལས་ཀའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ཕོ་མོ་འདྲ་མཉམ་གྱི་གཞི་རྩའི་རྒྱལ་ཇུས་ལག་བསྟར་བྱེད་པ་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ཁྲོད་ཀྱི་གནད་དོན་གལ་ཆེན་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བཅས་བྱས་ནས་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་ཆ་རྐྱེན་སྐྲུན་དགོས། རིམ་ཁག་སྲིད་གཞུང་གི་བུད་མེད་དང་བྱིས་པའི་ལས་དོན་ཨུ་ལྷན་གྱིས་འགན་ནུས་ཏན་ཏིག་བཏོན་ནས། སྒྲིག་འཛུགས་མཐུན་སྦྱོར་དང་མཛུབ་ཁྲིད་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་བུད་མེད་དང་བྱིས་པའི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས།
རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁྲེན་དབྱི་ཆིན་གྱིས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་ཁྲིད་ཚན་ཁག་སྐབས་གསར་པའི་ཚབ་ཞུས་ནས། ཀྲུང་གོའི་བུད་མེད་འཐུས་མི་ཚོགས་ཆེན་བཅུ་གསུམ་པའི་འབྲེལ་ཡོད་གནས་ཚུལ་དང་གོམ་སྟབས་རྗེས་མའི་ལས་དོན་གྱི་བསམ་གཞིག་སྙན་སེང་ཞུས་པ་རེད། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཧོང་ཞའོ་ཝེ་དང་། མོང་མན། ཝང་ཡ་ཕིང་བཅས་ཀྱིས་གཏམ་བཤད་གནང་བ་རེད།