དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་གྱི“ལྕགས་ལམ་དང་མཚོ་ཐོག་མཉམ་འདྲེན”གྱི་རྒྱལ་སྤྱིའི་དུས་གཏན་མེ་འཁོར་ཐོག་མ་བདེ་བླག་ངང་གཏོང་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-10-31

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་10ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཚེས་28ཉིན། མཚོ་སྔོན་ཞིང་ཆེན་གྱི“ལྕགས་ལམ་དང་མཚོ་ཐོག་མཉམ་འདྲེན”གྱི་རྒྱལ་སྤྱིའི་དུས་གཏན་མེ་འཁོར་ཐོག་མ་བདེ་བླག་ངང་གཏོང་འགོ་ཚུགས་ནས། མཚོ་སྔོན་གྱི་ཚོང་ཟོག་ཕྱི་རྒྱལ་དུ་སྐྱེལ་འདྲེན་བྱེད་པའི་བགྲོད་ལམ་གསར་པ་བཏོད་ཡོད། དེ་ཉིན། ཟི་ལིང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དུ་འགག་སྒོ་སྒྲོལ་བའི་འགྲོ་ལུགས་གཉེར་རྗེས། PVCརིལ་བུ་ཏུན་1080.5བྱུར་པོར་བླུགས་པའི་དུས་ཐེངས་དེའི་དུས་གཏན་མེ་འཁོར་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་ཧྲོང་ཀྲའེ་མེ་འཁོར་བབས་ཚུགས་ནས་ཆིང་ཏའོ་གྲུ་ཁར་བསྐྱོད་པ་རེད། ཚོང་ཟོག་འདི་དག་རྗེས་སུ་མུ་མཐུད་མཚོ་ཐོག་སྐྱེལ་འདྲེན་བརྒྱུད་ཐེ་ལན་དང་མ་ལེ་ཞི་ཡར་དབོར་རྒྱུ་རེད།

    “དེ་སྔོན་ཚོང་ཟོག་འདི་དག་གཞུང་ལམ་ཐོག་ནས་གྲུ་ཁར་དབོར་དགོས་པ་ལས། ལྕགས་ལམ་བརྒྱུད་ཐད་ཀར་དབོར་ཐུབ་ཀྱི་མེད། འདི་ནི་ཟི་ལིང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་ནས‘ལྕགས་ལམ་དང་མཚོ་ཐོག་མཉམ་འདྲེན’གྱི་དུས་གཏན་མེ་འཁོར་བརྒྱུད་ཆིང་ཏའོ་གྲུ་ཁར་སྐྱེལ་འདྲེན་ཚོད་ལྟ་བྱེད་ཐེངས་དང་པོ་དེ་རེད། སྲོལ་རྒྱུན་གྱི་སྐྱེལ་འདྲེན་བྱེད་སྟངས་ལ་ཉིན་45ཙམ་འགོར་གྱི་ཡོད། ‘ལྕགས་ལམ་དང་མཚོ་ཐོག་མཉམ་འདྲེན’གྱི་བྱ་ཐབས་སྤྱད་ན་དབོར་ཐེངས་གཅིག་ལ་དབོར་ཐུབ་པ་མ་ཟད། སྐྱེལ་འདྲེན་དུས་ཚོད་ཀྱང་ཉིན་10ཙམ་ཐུང་དུ་ཕྱིན་ནས་སྐྱེལ་འདྲེན་མ་གནས་15%ཙམ་གྲོན་ཆུང་ཐུབ་ཀྱི་ཡོད”ཅེས་མཚོ་སྔོན་དབྱི་ཧྭ་རྫས་འགྱུར་བཟོ་ལས་ཚད་ཡོད་འགན་འཁྲི་ཀུང་སིའི་ཁྲལ་དོན་ཅིང་ལི་པའོ་ཧུའེ་ཀྲང་གིས་བརྗོད།

    2022ལོའི་ཟླ་1ཚེས་16ཉིན། ཟི་ལིང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དངོས་སུ་སྤྱོད་འགོ་ཚུགས་ཏེ་མཚོ་སྔོན་ཞིང་ཆེན“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་མཉམ་འདྲེས་གཏིང་ཟབ་ཐུབ་པ་དང་ཕྱི་ཕྱོགས་སྒོ་དབྱེར་ལས་སྟེགས་གསར་པ་བསྐྲུན་པ་རེད།

    ཚོང་ཟོག་བདེ་བླག་ངང་ཕྱིར་གཏོང་ཐུབ་པའི་འགན་ལེན་བྱ་ཆེད། ཟི་ལིང་འགག་སྒོ་དང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱིས་གཞོགས་འདེགས་དམ་ཟབ་བྱས་ནས“ལྕགས་ལམ་དང་མཚོ་ཐོག་མཉམ་འདྲེན”གྱི་ཆེད་སྤྱོད་བགྲོད་ལམ་བཏོད་ནས། “དབྱེ་སྐྱེལ་སྡེབ་ཞུའི”བྱེད་ཐབས་སྤྱད་དེ“ཁག་བགོས་ནས་ཁྲལ་སྲུང་ཁུལ་ནས་གཏོང་བ་དང་ཐོ་གཅིག་གིས་རེ་བ་ཞུ་བའི”བབ་བསྟུན་ལྟ་འདོམས་བྱས་ནས་ཟི་ལིང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་ལས་སྟེགས་ཀྱི་ལེགས་ཆ་གང་ལེགས་བཏོན་ཡོད་པ་རེད།

    “‘ལྕགས་ལམ་དང་མཚོ་ཐོག་མཉམ་འདྲེན’གྱི་དུས་གཏན་མེ་འཁོར་རྒྱུན་རྣམ་ཅན་གྱི་སྒོ་ནས་གཏོང་འགོ་ཚུགས་རྗེས་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་ཁེ་ལས་ཀྱིས་ཟི་ལིང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དུ་ཐད་ཀར་གྲུ་གཟིངས་དང་གྲུ་ཚང་མངགས་ཆོག་ཅིང་། ཚོང་ཟོག་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དུ་འབྱོར་རྗེས་བསྡུ་སྒྲིལ་དང་དོས་སྒམ་ནང་བླུགས་ཏེ་ཁྲལ་སྲུང་ཁུལ་དུ་འཛུལ་ནས་ཁྲལ་སློག་གི་འགྲོ་ལུགས་མགྱོགས་མྱུར་གཉེར་ཐུབ་ཀྱི་ཡོད”ཅེས་ཟི་ལིང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལིའུ་གོ་ཀྲེང་གིས་ངོ་སྤྲོད་བྱས་པ་དང་། ཁོང་གིས་དུས་གཏན་མེ་འཁོར་རྒྱུན་རྣམ་ཅན་གྱི་སྒོ་ནས་གཏོང་འགོ་ཚུགས་པ་བརྒྱུད་སྐྱེལ་འདྲེན་ལས་ཕྱོད་ཆེ་རུ་ཕྱིན་པ་མ་ཟད། ད་དུང་ཁེ་ལས་ལ་ཟོག་འགྲེམས་མ་གནས་གྲོན་ཆུང་ཐུབ་ཡོད། དེས་མ་ཚད་བགྲོད་ལམ་ལ་བརྟེན་ནས་ཟོག་འགྲེམས་ལ་སྐུལ་ཁྲིད་དང་། ཟོག་འགྲེམས་ལ་བརྟེན་ནས་དཔལ་འབྱོར་ཚོང་དོན་ལ་སྐུལ་ཁྲིད། དཔལ་འབྱོར་ཚོང་དོན་ལ་བརྟེན་ནས་ཐོན་ལས་ལ་སྐུལ་ཁྲིད་བཅས་བྱེད་པའི་འཕེལ་རྒྱས་ཡག་པོ་བྱུང་ཡོད་ཅེས་བརྗོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།