དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུའི་མགྲིན་ཚབ་པས་བརྗོད་དོན།

    ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་གི་ཡིན།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-10-31

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་སྒོ་མོ་ཕྱེ་ན་ཡར་རྒྱས་ཡོང་བ་དང་བཀག་སྡོམ་བྱས་ན་རྗེས་ལུས་ཐེབས་ངེས་རེད། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་བཏང་ནས་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། ཉེ་ཆར། ཨ་རིས་ཀྲུང་གོར་གློག་འདྲེན་ཕྱེད་རྫས་ཕྱིར་གཏོང་ལ་ལྟ་འདོམས་ཀྱི་མཐའ་མའི་འགྲོ་ལུགས་ཁྱབ་བསྒྲགས་བྱས་པ་དང་། ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོ་ནས་ཐོན་པའི་གློག་སྒུལ་རླངས་འཁོར་ལ་ཁ་གསབ་སྤྲོད་པར་རྒོལ་བའི་བརྟག་དཔྱད་བྱེད་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་པ་རེད། དབྱིན་ཇིའི་སྨྱན་སྦྱོར་གྱི་བསླབ་པ་རྒན་གྲས་ཀྱི་དཔྱད་གཏམ་ནང་ད་ཆ་ནུབ་ཕྱོགས་ཀྱིས་སྒོ་དབྱེའི་རང་བཞིན་ཐད་ཕྱིར་བཤོལ་ཚབས་ཆེན་བྱས་པ་དེའི་མཇུག་འབྲས་ནུབ་ཕྱོགས་དང་ཀྲུང་གོ་ཚང་མར་ཕན་པ་གང་ཡང་མེད་ཅེས་བརྗོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནུབ་ཕྱོགས་ཀྱི་ཕྱི་ཕྱོགས་སྒོ་དབྱེར་དཔེ་ལྟ་སྲིད་དམ་ཞེས་དྲིས།

    མའོ་ཉིང་གིས་བརྗོད་དོན། སྒོ་མོ་ཕྱེ་ན་ཡར་རྒྱས་ཡོང་བ་དང་བཀག་སྡོམ་བྱས་ན་རྗེས་ལུས་ཐེབས་ངེས་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས“ཀྲུང་གོས་ཕྱེ་བའི་སྒོ་མོ་ནམ་ཡང་རྒྱག་མི་སྲིད་པར་ཇི་ཙམ་ཕྱེ་བ་དེ་ཙམ་གྱིས་ཆེ་རུ་འགྲོ་ངེས་རེད”ཅེས་ནན་བཤད་ཐེངས་མང་གནང་ཡོད།

    མའོ་ཉིང་གིས་བརྗོད་དོན། ཀྲུང་གོས་དེ་ལྟར་ཤོད་ཀྱི་ཡོད་ལ་དེ་ལྟར་བྱེད་ཀྱི་ཡོད། གཟའ་འཁོར་གོང་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་འགོ་ཚུགས་མཛད་སྒོའི་ཐོག་བཞེད་དོན་གཙོ་བོའི་གཏམ་བཤད་གནང་སྐབས། བཟོ་སྐྲུན་ལས་རིགས་ཁྱབ་ཁོངས་ཀྱི་ཕྱི་ཕྱོགས་མ་དངུལ་ཆོག་འཐུས་ཚོད་འཛིན་བྱེད་ཐབས་ཕྱོགས་ཡོངས་ནས་མེད་པར་བཟོས་ཏེ་ཀྲུང་གོས་རང་འགུལ་ངང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་ཆོད་སེམས་མཚོན་པར་བྱས་ཡོད་ཅེས་ཁྱབ་བསྒྲགས་གནང་བ་རེད། ད་ལྟ་གཉེར་བཞིན་པའི་ཀོང་ཀྲོའུ་ཚོང་འདུས་སྐབས་134པ་ནི་ཚོང་པ་མང་པོ་འཛོམས་ནས་རྒྱ་ཚོང་ཉི་མ་ཤར་བ་ལྟར་ཡོད་ཅེས་བརྗོད་ཆོག ཟླ་རྗེས་མར་ཀྲུང་གོ་ཕྱོགས་ཀྱིས་ད་དུང་ཧྲང་ཧའེ་དང་ཧང་ཀྲོའུ་རུ་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་དང་གོ་ལ་ཧྲིལ་པོའི་གྲངས་འཛིན་ཚོང་དོན་དངོས་མང་སྟོན་ཚོགས་གཉེར་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ནང་འདྲེན་དངོས་མང་སྟོན་ཚོགས་ནང་ཞུགས་མཁན་ཁེ་ལས་ཀྱི་འགྲེམས་ཁྱོན་དང་དེ་བཞིན་འགྲེམས་ཚོགས་ནང་ཞུགས་མཁན་འཛམ་གླིང་གི་ཁེ་ལས་རབ་གྲས་500དང་སྣེ་འདྲེན་ཁེ་ལས་ཀྱི་གྲངས་འབོར་གྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།