དུས་ཚིགས་དང་པོ་ནས་གསུམ་པ་བར་ཀན་སུའུ་ཡི་དཔལ་འབྱོར་འཕར་ཚད་ཅུང་མགྱོགས་པོ་རྒྱུན་འཁྱོངས་ཐུབ་པ།
གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་8756ཟིན་པ།
གསར་འགོད་པར་ཀན་སུའུ་ཞིང་ཆེན་གསར་འགྱུར་གཞུང་དོན་ཁང་གིས་ཉིན་ཤས་གོང་འཚོགས་པའི་2023ལོའི་དུས་ཚིགས་དང་པོ་ནས་གསུམ་པ་བར་གྱི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གཅིག་གྱུར་ཞིབ་རྩིས་བྱས་འབྲས་ལ་གཞིགས་ན། དུས་ཚིགས་དང་པོ་ནས་གསུམ་པ་བར་ཀན་སུའུ་ཞིང་ཆེན་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་8635.4ཟིན་པ་དང་། འགྱུར་ལྡོག་མི་འགྲོ་བའི་རིན་གོང་ལྟར་རྩིས་བརྒྱབ་ན་དུས་མཚུངས་ལས་6.6%འཕར་ཡོད། འཕར་ཚད་རྒྱལ་ཡོངས་ལས་བརྒྱ་ཆའི་གྲངས་1.4ཡིས་མཐོ་བ་ཡོད་པ་དེ་ཨང་རིམ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། དུས་ཚིགས་དང་པོ་དང་། ལོ་སྟོད། དུས་ཚིགས་དང་པོ་ནས་གསུམ་པ་བར་བཅས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཚང་མ་6.5%ཡན་གྱི་འཕར་ཚད་ཅུང་མགྱོགས་པོ་རྒྱུན་འཁྱོངས་ཐུབ་ནས་ནང་ངོས་ཀྱི་དགོས་མཁོའི་སྐུལ་ཁྲིད་ནུས་པ་མངོན་གསལ་དོད་པོ་བྱུང་བ་དང་འཛད་སྤྱོད་ཁྲོམ་ར་རྒྱུན་མཐུད་ངང་འཕར་བའི་རྣམ་པ་བཟང་པོ་མངོན་ཡོད།
མ་དངུལ་གཏོང་ཚུལ་ནས་བལྟས་ན། དུས་ཚིགས་དང་པོ་ནས་གསུམ་པ་བར་ཀན་སུའུ་ཞིང་ཆེན་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་རྒྱུ་དུས་མཚུངས་ལས་6.7%འཕར་ཏེ་འཕར་ཚད་རྒྱལ་ཡོངས་ལས་བརྒྱ་ཆའི་གྲངས་3.6གིས་མཐོ་བ་ཡོད་པ་དང་། བཟོ་ལས་ལ་མ་དངུལ་གཏོང་བའི་འཕར་ཚད་33.6%ཟིན་ཏེ་ཞིང་ཆེན་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་བརྒྱ་ཆའི་གྲངས་9.1འཕར་བར་སྐུལ་ཁྲིད་ཐུབ་པ། འཛད་སྤྱོད་ཁྲོམ་ར་རྒྱུན་མཐུད་ངང་འཕར་ཡོད། དུས་ཚིགས་དང་པོ་ནས་གསུམ་པ་བར་ཀན་སུའུ་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་དངུལ་འབོར་དུས་མཚུངས་ལས་9.2%འཕར་ནས་འཕར་ཚད་རྒྱལ་ཡོངས་ལས་བརྒྱ་ཆའི་གྲངས་2.4ཡིས་མཐོ་བ་ཡོད་པ་དང་། གྲངས་བཅད་ཡན་གྱི་ཚན་པ་23གྱི་ཚོང་ཟོག་སྣ་ཚོགས་ཁྲོད་ཚོང་ཟོག་རིགས་10ཡི་སིལ་ཚོང་དངུལ་འབོར་གྲངས་གནས་གཉིས་ཡན་འཕར་བའི་ནང་རྡོ་སྣུམ་དང་དེའི་བཟོས་རྫས་རིགས་ཀྱི་སིལ་ཚོང་དངུལ་འབོར་13.0%འཕར་ཏེ་གྲངས་བཅད་ཡན་གྱི་ཚན་པའི་འཛད་རྫས་སིལ་ཚོང་དངུལ་འབོར་བརྒྱ་ཆའི་གྲངས་4.5འཕར་རྒྱུར་སྐུལ་ཁྲིད་ཐུབ་ཡོད། རླངས་འཁོར་རིགས་ཀྱི་ཚོང་ཟོག་གི་སིལ་ཚོང་དངུལ་འབོར་11.2%འཕར་བའི་ནང་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་སིལ་ཚོང་དངུལ་འབོར་67.0%འཕར་ཡོད།
ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་བྱུང་ཞིང་། ཟླ་དང་པོ་ནས་དགུ་པ་བར་ཀན་སུའུ་ཞིང་ཆེན་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་3.03ལ་སྣེ་ལེན་ཞུས་ནས་ཚོད་རྩིས་རགས་ཙམ་བརྒྱབ་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་1910བྱུང་བ་དེ་ལོ་གོང་མའི་དུས་མཚུངས་ལས་161%དང་234.5%སོ་སོར་འཕར་ནས་2019ལོའི་དུས་མཚུངས་ལས་100.3%དང་89%སོ་སོར་སླར་གསོ་བྱུང་ཡོད། དེའི་ནང་དུས་ཚིགས་གསུམ་པར་ཞིང་ཆེན་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་1.62ལ་སྣེ་ལེན་ཞུས་ནས་ཚོད་རྩིས་རགས་ཙམ་བརྒྱབ་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་1096བྱུང་བ་དེ་དུས་མཚུངས་ལས་284%དང་428%སོ་སོར་འཕར་ཡོད།
དེ་དང་ཆབས་ཅིག་གྲོང་མིའི་ཡོང་འབབ་བརྟན་པོ་འཕར་ཞིང་། དུས་ཚིགས་དང་པོ་ནས་གསུམ་པ་བར་ཀན་སུའུ་ཞིང་ཆེན་ཡོངས་ཀྱི་གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་18003ཟིན་པ་དེ་དུས་མཚུངས་ལས་7.6%འཕར་ཡོད། རྒྱུན་སྡོད་ས་ཆ་ནས་དབྱེ་ན་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་29826ཟིན་ནས་6.1%འཕར་བ་དང་། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་8756ཟིན་པ་དེ་7.9%འཕར་ཡོད།