དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་གཏེར་ཁ་བཅུ་ཆ་བཞི་ཙམ་གྱི་གསོག་ཚད་ཚང་མ་འཕར་བ།

    ནུས་རྒྱུའི་འཛད་སྤྱོད་གྲུབ་ཆ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-10-31

    ཉིན་ཤས་གོང་རང་བྱུང་ཐོན་ཁུངས་པུས་ཁྱབ་བསྒྲགས་བྱས་པའི《ཀྲུང་གོའི་གཏེར་ཁའི་ཐོན་ཁུངས་སྙན་ཞུ(2023ལོ)》ལས་མངོན་པར། 2022ལོའི་ལོ་མཇུག་བར་རྒྱལ་ཡོངས་ནས་གཏེར་ཁ་སྣ་ཁ་173ཤེས་རྟོགས་བྱུང་བའི་ནང་ནུས་རྒྱུའི་གཏེར་ཁ་སྣ་ཁ་13དང་། ལྕགས་རིགས་ཀྱི་གཏེར་ཁ་སྣ་ཁ་59 ལྕགས་རིགས་མིན་པའི་གཏེར་ཁ་སྣ་ཁ་95 ཆུ་དང་རང་བྱུང་སོལ་རླངས་ཀྱི་གཏེར་ཁ་སྣ་ཁ་6བཅས་ཡོད་པ་རེད། 2022ལོར་རང་རྒྱལ་གྱི་གཏེར་ཁ་བཅུ་ཆ་བཞི་ཙམ་གྱི་གསོག་ཚད་ཚང་མ་འཕར་ཡོད་པ་རེད།

    སྙན་ཞུའི་ནང་། རེས་སྐོར་གསར་པའི་གཏེར་འཚོལ་གྱི་ཚད་བརྒལ་འཐབ་ཇུས་བྱ་སྤྱོད་ལ་སྐུལ་འདེད་བཏང་སྟེ་2022ལོར་ཀྲུང་གོའི་སྣུམ་རླངས་དང་སྣུམ་རླངས་མིན་པའི་གཏེར་ཁའི་ས་གཤིས་རྩད་ཞིབ་མ་འཇོག་གཉིས་ཀ་འཕར་ནས་གཏེར་ཁ་ཐོན་ཁུལ་132གསར་དུ་ཤེས་རྟོགས་བྱུང་ཡོད། སྣུམ་རླངས་རྩད་ཞིབ་དེ་ཐ་ལི་མུའུ་དང་། ཀྲུན་ཀར། པོ་ཧའེ་དབོན་མཚོ་ཁུག སི་ཁྲོན་སོགས་སྣུམ་རླངས་འདྲེས་པའི་གཤོང་སའི་རིམ་པ་གསར་པ་དང་། རིགས་གསར་དང་ཁུལ་གསར་བཅས་སུ་ཚད་བརྒལ་ཆེན་པོ་བྱུང་ནས་སྣུམ་རླངས་མིན་པའི་གཏེར་ཁའི་ཁྲོད་ཀྱི་རྡོ་སོལ་དང་། ལྕགས། ཟངས། གསེར། “ཤིས་གསུམ”སོགས་གཏེར་ཐོན་རྩད་ཞིབ་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ཅེས་བསྟན་ཡོད།

    སྙན་ཞུའི་ནང་། 2022ལོར་ཀྲུང་གོའི་གཏེར་འདོན་ལས་རིགས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་རྩ་འཇོག་ཚད་རྒྱུན་མཐུད་ངང་འཕར་ནས་ལོ་གོང་མ་ལས་4.5%འཕར་བ་དང་གཏེར་ཁའི་ཐོན་རྫས་གཙོ་བོའི་ཐོན་ཚད་མུ་མཐུད་འཕར་ཡོད། རྡོ་སོལ་དང་། རྡོ་སྣུམ། རང་བྱུང་སོལ་རླངས་སོགས་ནུས་རྒྱུའི་གཏེར་ཐོན་མཁོ་སྤྲོད་འགན་ལེན་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་རང་མཁོ་རང་སྤྲོད་བྱེད་ཚད་མང་དུ་ཕྱིན་ནས་ནུས་རྒྱུའི་འཛད་སྤྱོད་གྲུབ་ཆ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཡོད། གཏེར་ཁའི་ཐོན་ཁུངས་གྲོན་ཆུང་ལེགས་བསྡུས་ཞིབ་གཉེར་དང་ཕྱོགས་བསྡུས་བེད་སྤྱོད་ལས་ཀར་སྐུལ་འདེད་བརྟན་པོར་བཏང་བ་འཁོད་ཡོད།

    ནུས་རྒྱུ་ཐོན་འཕར་དང་མཁོ་སྤྲོད་ཀྱི་འགན་ལེན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། 2022ལོར་ནུས་རྒྱུ་ཐོན་སྐྱེད་བྱེད་ཐེངས་རེའི་བསྡོམས་འབོར་ཚད་ལྡན་རྡོ་སོལ་ཏུན་དུང་ཕྱུར་46.6ཟིན་པ་དེ་ལོ་གོང་མ་ལས་9.2%འཕར་ཡོད། ནུས་རྒྱུ་ཐོན་སྐྱེད་ཀྱི་གྲུབ་ཆའི་ནང་རྡོ་སོལ་གྱིས་67.4%ཟིན་པ་དང་། རྡོ་སྣུམ་གྱིས་6.3%ཟིན་པ། རང་བྱུང་སོལ་རླངས་ཀྱིས་5.9%ཟིན་པ། ཆུ་གློག་དང་། ཉིང་རྡུལ་གློག རླུང་གློག ཉི་གློག་སོགས་འགྱུར་རྡོ་མིན་པའི་ནུས་རྒྱུས་20.4%ཟིན་ཡོད། ནུས་རྒྱུའི་འཛད་སྤྱོད་བསྡོམས་འབོར་ཚད་ལྡན་རྡོ་སོལ་ཏུན་དུང་ཕྱུར་54.1ཟིན་ཏེ་2.9%འཕར་བ་དང་ནུས་རྒྱུ་རང་མཁོ་རང་སྤྲོད་ཐུབ་ཚད་86.1%ཟིན་ཡོད།

    ནུས་རྒྱུའི་འཛད་སྤྱོད་གྲུབ་ཆ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཡོད། 2022ལོར་རྡོ་སོལ་འཛད་སྤྱོད་ཀྱིས་ཐེངས་གཅིག་གི་ནུས་རྒྱུའི་འཛད་སྤྱོད་བསྡོམས་འབོར་གྱི་56.2%ཟིན་པ་དང་། རྡོ་སྣུམ་གྱི་17.9%ཟིན་པ། རང་བྱུང་སོལ་རླངས་ཀྱི་8.4%ཟིན་པ། ཆུ་གློག་དང་། ཉིང་རྡུལ་གློག རླུང་གློག ཉི་གློག་སོགས་འགྱུར་རྡོ་མིན་པའི་ནུས་རྒྱུའི་17.5%ཟིན་པ་བཅས་རེད། ལོ་བཅུའི་གོང་དང་བསྡུར་ན་རྡོ་སོལ་འཛད་སྤྱོད་ཀྱིས་ནུས་རྒྱུའི་འཛད་སྤྱོད་ཁྲོད་བཟུང་བའི་བསྡུར་ཚད་བརྒྱ་ཆའི་གྲངས་12.3ཆག་པ་དང་། ཆུ་གློག་དང་། ཉིང་རྡུལ་གློག རླུང་གློག ཉི་གློག་སོགས་འགྱུར་རྡོ་མིན་པའི་ནུས་རྒྱུའི་བསྡུར་ཚད་བརྒྱ་ཆའི་གྲངས་7.8འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།