“བོད་གློག་ཕྱིར་གཏོང”གི་ལོ་གསུམ་གྱི་དམིགས་ཚད་ཚད་བརྒལ་ངང་ལེགས་སྒྲུབ་ཟིན་པ།
གསར་འགོད་པས་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ནས་ཤེས་རྟོགས་བྱས་པར། ཟླ་10ཚེས་18ཉིན་བར་བོད་ལྗོངས་གློག་དྲས་2023ལོར་ནུས་རྒྱུ་གཙང་མ་ཆུ་ཚོད་ཆན་ཝ་དུང་ཕྱུར་22.7ཕྱིར་གཏོང་བྱས་པ་དང་དེའི་ཁར་2021ལོ་དང་2022ལོར་ཆུ་ཚོད་ཆན་ཝ་དུང་ཕྱུར་69.3ཕྱིར་གཏོང་བྱས་པ་བསྣན་ཚེ་ཀུང་སིས《2021ལོ་ནས་2023ལོ་བར་བོད་ཀྱི་ནུས་རྒྱུ་གཙང་མའི་བསྡུ་ཉར་གཙང་སེལ་སྒྲོམ་གཞིའི་གྲོས་མཐུན》གྱིས་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་61གི་སྤྱིའི་དམིགས་ཚད་སྔ་སྣུར་དུ་ལེགས་སྒྲུབ་ཟིན་ཡོད། སྔོན་རྩིས་ལྟར་ན་ལོ་གསུམ་རིང་ཕྱིར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་71ཟིན་ནས་བོད་ཀྱི་དཔལ་འབྱོར་གྱི་འབབ་འཕར་སྒོར་དུང་ཕྱུར་19.5ལ་སྐུལ་ཁྲིད་ཐུབ་ནས་བོད་ཀྱི་གློག་གཏོང་ཁེ་ལས་70ལྷག་ཙམ་ལ་ཕན་པ་ཐོབ་ཅིང་། དབུས་ཤར་རྒྱུད་སོགས་ས་ཁུལ་ལ་རྡོ་སོལ་ཏུན་ཁྲི་218ཉུང་དུ་གཏོང་ཐུབ་པ་དང་དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི་543ཉུང་དུ་བཏང་ནས་རྒྱལ་ཁབ་ཀྱི“ཐཱན་གཉིས”དམིགས་ཚད་ལས་འགན་དོན་འཁྱོལ་དང་། བོད་ཀྱི་གློག་ཤུགས་ཁོངས་གཏོགས་ཀྱི་དཔེ་སྟོན་ཁུལ་གསར་པ་འཛུགས་པར་སྐུལ་འདེད། བོད་ཀྱི་ནུས་རྒྱུའི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆར་འགྱུར་བར་ལེགས་སྐྱེས་ཧུར་ཐག་འབུལ་བར་རམ་འདེགས་བྱེད་ཐུབ།
2020ལོའི་ཟླ་11པར་བོད་རང་སྐྱོང་ལྗོངས་ཀྱིས་ཞིང་ཆེན་དང་གྲོང་ཁྱེར་11དང《2021ལོ་ནས་2023ལོ་བར་བོད་ཀྱི་ནུས་རྒྱུ་གཙང་མའི་བསྡུ་ཉར་གཙང་སེལ་སྒྲོམ་གཞིའི་གྲོས་མཐུན》དང་ཞིང་ཆེན་དབར་གྱི་གློག་ཤུགས་གསབ་རེས་ཀྱི་སྲིད་གཞུང་དབར་གྱི་གྲོས་མཐུན་བཞག་ནས་ཆུ་ཚོད་ཆན་ཝ་དུང་ཕྱུར་61ཕྱིར་གཏོང་གི་སྤྱིའི་དམིགས་ཚད་གཏན་འཁེལ་བྱས་ཡོད། ལོ་གསུམ་རིང“བོད་གློག་ཕྱིར་གཏོང”བྱ་ཡུལ་ཞིང་ཆེན་དང་གྲོང་ཁྱེར་2021ལོའི་ལོ་འགོའི་11ནས་མིག་སྔའི་15བར་མང་དུ་ཕྱིན་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས་བོད་ཀྱི་གློག་ཤུགས་མཁོ་སྤྲོད་འགན་ལེན་དང་གློག་ཤུགས་དཔེ་སྟོན་ཁུལ་གསར་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྤྱི་འདོམས་བྱས་ཏེ་སྲིད་གཞུང་དང་ཁེ་ལས་མཉམ་སྒུལ་དང་ཤར་ནུབ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་2024ལོ་ནས་2026ལོའི་བར་གྱི་རེས་སྐོར་གསར་པའི་བོད་གློག་ཕྱིར་གཏོང་གི་གྲོས་མཐུན་བཞག་སྟེ་ཆུ་དང་འོད་སོགས་ནུས་རྒྱུ་གཙང་མས་གཙོ་ཁྲིད་བྱེད་པ་དང་། གློག་ལྟེ་བར་བྱེད་པའི་ནུས་རྒྱུ་མཁོ་སྤྲོད་དང་འཛད་སྤྱོད་མ་ལག་གཏོད་པ། བོད་ཀྱི་གློག་ཤུགས་མཁོ་སྤྲོད་འགན་ལེན་དང་ནུས་རྒྱུ་སྒྱུར་བར་མཐུན་སྦྱོར་སྐུལ་འདེད་གཏོང་བ་བཅས་བྱས་ནས་བོད་ཀྱི་དཔལ་འབྱོར་འཕར་བ་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱེད་ཀྱི་ཡོད་པ་རེད།