སྙིང་སྟོབས་འགྲན་ནས་དར་རྒྱས་ཀྱི་གླུ་དབྱངས་ལེན།
—— གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་སྟོང་ཤེ་ཤང་གི་མཐོང་ཐོས།
མི་རིང་བའི་གོང་། གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་སྟོང་ཤེ་ཤང་གིས་གཡག་རྒྱུག་རིག་གནས་དུས་ཆེན་སྐབས་བཅུ་གསུམ་པ་གཉེར་བ་རེད། ཤང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་8ནས་ཡོང་བའི་འགྲན་བསྡུར་ལ་ཞུགས་མཁན་གྱིས་མགོ་བོ་གཟེངས་སུ་བཏེགས་ནས་གཡག་རྒྱུག་འགྲན་རར་འཛུལ།
ད་ཐེངས་ཀྱི་འགྲན་བསྡུར་ལ་ཞུགས་མཁན་བདམས་ཐོན་པ་32ཡོད་པ་དེ་དག་ཚོགས་ཆུང་གཉིས་སུ་བགོས་ཡོད་པ་དང་། ཚོགས་ཆུང་རེ་ནས་ཨང་དང་པོ་དང་། ཨང་གཉིས་པ། ཨང་གསུམ་པ་རེ་གདམ་རྒྱུ་རེད།
འགྲན་བསྡུར་བྱས་པ་བརྒྱུད། སྟོང་ཤེ་ཤང་མདོ་པ་གྲོང་ཚོའི་བཀྲ་དོན་དང་དབུས་ཁྱུ་གྲོང་ཚོའི་རྒྱལ་མཚན་ལ་ཚོགས་ཆུང་དང་པོ་དང་གཉིས་པའི་ཨང་དང་པོ་ཐོབ་པ་རེད།
“འགྲན་བསྡུར་ཧ་ཅང་འཁྲུག་པོ་འདུག གྲོང་ཚོའི་བདམས་ཐོན་པར་ཨང་དང་པོ་ཐོབ་པས་ང་ཚོ་ཧ་ཅང་དགའ་པོ་བྱུང”ཞེས་དབུས་ཁྱུ་གྲོང་ཚོའི་མང་ཚོགས་བསྟན་འཛིན་ངག་དབང་གིས་གསར་འགོད་པར་བཤད། ཁོང་དེ་བས་དགའ་འོས་པ་ཞིག་ལ་སྟོང་ཤེ་ཤང་གི་འབྲོག་ཁུལ་གྱི་ཚོང་འདུས་སྐབས་དང་པོར་ཁྱིམ་གྱི་ལུག་མགོ་གྲངས་5དང་། དཀར་ཆུའི་ཐོན་རྫས་སྣ་ཚོགས། ལག་ཤེས་བཟོ་ལས་ཐོན་རྫས་བཅས་བཙོངས་པར་སྒོར་ཁྲི་1ལྷག་ཙམ་རག་ཡོད། “ཤང་གིས་ང་ཚོར་ལས་སྟེགས་ཡག་པོ་འདི་འདྲ་ཞིག་མཁོ་འདོན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་ཁོང་གིས་བཤད།
སྲོལ་རྒྱུན་གྱི་དམངས་སྲོལ་དུས་ཆེན་རིག་གནས་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། དེ་ནི་གྲོང་གསེབ་ཀྱི་རིག་གནས་དར་རྒྱས་གཏོང་བར་སྔོག་འདོན་ཆོག་པ་དང་བེད་སྤྱོད་ཆོག་པའི་ཐོན་ཁུངས་གལ་ཆེན་ཞིག་ཡིན། ད་ཆ་གྲོང་གསེབ་དར་རྒྱས་གཏོང་བའི་སྐུལ་ཁྲིད་རང་བཞིན་གྱི་རྒྱུ་རྐྱེན་ཞིག་ཏུ་གྱུར་ཡོད། དུས་རབས་གསར་པར་སླེབས་སྐབས་སྟོང་ཤེ་ཤང་གིས་འབྲི་གཡག་རིག་གནས་ལ་གཞི་ཚུགས་ནས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་གཞན་འགྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ“གཡག་རྒྱུག་རིག་གནས་དུས་ཆེན”གྱི་རྣམ་པ་དང་ནང་དོན་རྒྱ་ཆེར་བཏང་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་ཡོད།
སྟོང་ཤེ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་རྡོ་རྗེ་འབྲིང་བས། འབྲི་གཡག་རིག་གནས་དུས་ཆེན་གཉེར་བ་བརྒྱུད་སྟོང་ཤེ་ཤང་གི་མང་ཚོགས་ཚོའི་བསམ་པའི་ཉམས་འགྱུར་བཟང་པོ་དང་བདེ་སྐྱིད་ཀྱི་འཚོ་བ་མངོན་ཡོད། དེ་དང་ཆབས་ཅིག འབྲོག་ཁུལ་གྱི་ཚོང་འདུས་སྐབས་དང་པོ་གཉེར་བས་ས་གནས་དེ་གའི་འབྲོག་ལས་ཐོན་རྫས་དང་ལག་ཤེས་བཟོ་ལས་ཐོན་རྫས་འགྲེམས་ཚོང་ཡང་ཐུབ་པས་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་ནུས་ལྡན་ཐུབ་སྟེ། གྲོང་གསེབ་དར་རྒྱས་ལ་ཁོར་ཡུག་བཟང་པོ་བཏོད་ཡོད་ལ་སྟོབས་ཤུགས་ཀྱང་གཅིག་ཏུ་འགྲིལ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།