སུའེ་ཙེར་གྱི་ཁེ་ལས་གསར་པ་ཀྲུང་གོར་ཚོང་ལས་ཀྱི་གོ་སྐབས་འཚོལ་བར་སླེབས་པ།
ཀྲུང་གོའི་ལྷོ་ནུབ་རྒྱུད་ཀྱི་གྲོང་ཁྱེར་ཆེ་གྲས་ཁྲུང་ཆིང་གི་ཀྲུང་སུའེ(ཁྲུང་ཆིང་གི་གཙང་པོ་གཉིས)ཐོན་ལས་གླིང་དུ་སུའེ་ཙེར་གྱི་ཁེ་ལས་གསར་པ་འཛུགས་མཁན་ཚོས་གུང་ཟས་ཟ་བཞིན་དུ་ཁོ་ཚོའི་ཀུང་སིའི་སྐོར་གླེང་བཞིན་ཡོད།
ཟླ་9པའི་ཟླ་འགོར། སུའེ་ཙེར་གྱི་ཁེ་ལས་གསར་པའི་འཐུས་མི་20ཁྲུང་ཆིང་དུ་ཡོང་ནས་ཀྲུང་གོ་དང་སུའེ་ཙེར་གྱི་ཐོན་ལས་གླིང་དུ་གཉེར་བའི་རྒྱལ་སྤྱིའི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེ་མོར་ཞུགས་པ་རེད། འགྲན་བསྡུར་ནང་ཞུགས་མཁན་གྱི་གྲས་སུ་སུའེ་ཙེར་དང་། འཇར་མན། ཀྲུང་གོ ཨ་རི། རོ་མ་ནི་ཡ་སོགས་ཡོད་པ་རེད། སུའེ་ཙེར་གྱི་འགྲན་བསྡུར་ནང་ཞུགས་མཁན་ཁྲོད་ཀྱི་ཁེ་ལས་ཁག་གཅིག་གིས་སུའུ་ལི་ཧྲེ་རྒྱལ་ཕྲན་མཉམ་འབྲེལ་གྱི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་ངམ་ཡང་ན་ལུའོ་སང་རྒྱལ་ཕྲན་མཉམ་འབྲེལ་གྱི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་དུ་འབུམ་རམས་པའི་སློབ་གནས་བླངས་པ་དང་། ད་ཆ་རིག་གཞུང་ཞིབ་འཇུག་ཚོང་ལས་ཅན་ལ་འགྱུར་རེ་བྱེད་ཀྱི་ཡོད།
ཕྱི་རྒྱལ་གྱི་ཀུང་སི་གསར་པ་དེ་དག་འཛུགས་མཁན་ཀྲུང་གོར་ཡོང་བའི་དམིགས་ཡུལ་མི་འདྲ་བ་ཡོད་པ་སྟེ། ལ་ལས་ཁྲོམ་རར་ཞིབ་འཇུག་བྱེད་པ་དང་། ལ་ལས་ཁྲོམ་རར་ཐད་ཀར་ཞུགས་རྩིས་བྱེད་པ། ལ་ལས་མངོན་མེད་ཀྱི་མཁོ་སྤྲོད་ཚོང་པ་ཤེས་རྟོགས་བྱེད་པའམ་ཡང་ན་ད་ཡོད་ཀྱི་མཁོ་སྤྲོད་འབྲེལ་ཐག་ལེགས་སུ་གཏོང་བ་མ་ཟད། ད་དུང་ཀྲུང་གོའི་ལག་རྩལ་མཉམ་ལས་རོགས་ཟླ་འཚོལ་འདོད་བྱེད་པ་བཅས་རེད།
རྒྱལ་སྤྱིའི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེ་མོ་དེ་2018ལོ་ནས་གཉེར་བ་རེད། སུའེ་ཙེར་གྱི་ཁེ་ལས་གསར་པའི་བོགས་ལེན་དུད་ཚང་གི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་པ་དང་། ད་ཐེངས་ཁྲུང་ཆིང་དུ་ཡོང་སྐབས་གསར་དུ་བཙུགས་པའི་ཁེ་ལས་ཀྱི་བྱེད་སྒོ་གལ་ཆེ་ཤོས་ནི“འབྲེལ་མཐུད”བྱེད་པ་དེ་ཡིན་པ་སྟེ། མངོན་མེད་ཀྱི་ཀྲུང་གོའི་མཁོ་སྤྲོད་ཚོང་པ་དང་། མཉམ་ལས་རོགས་ཟླ། མ་འཇོག་མཁན་བཅས་ལ་རྒྱུས་མངའ་ལོན་པ་བྱ་རྒྱུ་དེ་རེད།
—— སུའེ་ཙེར་གྱི《སུའུ་ལི་ཧྲེ་གསར་པའི》ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།