ཀྲུང་གོས་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་བཏང་ནས་གདེང་ཚོད་མངོན་པར་བྱས་པ།
འདི་ནི་ཧྲན་ཏུང་ཆུས་ཧྥུའུ་ཁུང་ཙིའི་ལྷ་ཁང་དང་ཁུང་ཙི་རྟེན་མཛོད་ཁང་གི་གུས་སྲོལ་རོལ་མོ་ཁྲིད་སྦྱོང་ཁང་གི་ལས་དོན་མི་སྣས《སྙན་ངག་གི་གཞུང》ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་རོལ་དབྱངས་འཁྲབ་སྟོན་བྱེད་བཞིན་པ།
ཀྲུང་གོས་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཟམ་མི་ཆད་པར་སྐུལ་འདེད་བཏང་ནས་དུས་རབས་གསར་པའི་ཀྲུང་གོའི་རིག་གནས་ཀྱི་གདེང་ཚོད་མངོན་ཡོད།
ཧྲང་ཧའེ་ལ་དཔེ་བཞག་ན། ཀྲུང་གོའི་སྒོ་དབྱེའི་གྲོང་རྡལ་གཙོ་བོ་དང་ལོ་རྒྱུས་དང་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་ཞིག་ཡིན་པའི་ངོས་ནས་དེ་གར་ཕུལ་བྱུང་གི་ལོ་རྒྱུས་ལྡན་པའི་སྐྲུན་དངོས་ཁུལ་1058དང་། སྟར་པ་3075ཡོད་པ་དང་། ཉམས་འགྱུར་སྲུང་སྐྱོང་འགྲོ་ལམ(ཁྲོམ་གཞུང་དང་སྲང་ལམ)397དང་། ཉམས་འགྱུར་སྲུང་སྐྱོང་གྲོང་པ་ཁྱིམ་མཚེས་250 ལོ་རྒྱུས་དང་རིག་གནས་ཀྱི་ཉམས་འགྱུར་ཁུལ་44བཅས་ཡོད་པ་དེས་གྲོང་ཁྱེར་ལ་གསོན་ཤུགས་ཀྱིས་ཁེངས་པའི་རིག་གནས་ཀྱི་བར་མཐོངས་མཁོ་འདོན་བྱས་ཡོད་པ་དང་། གྲོང་ཁྱེར་གྱི་རིག་གནས་ཀྱིས་ཀྱང་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད།
2022ལོར་ཧྲང་ཧའེ་ཡི་རིག་གནས་བསམ་བཀོད་ཐོན་ལས་ཀྱིས་གྲོང་ཁྱེར་དེ་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་13%ཙམ་བཟུང་ཡོད་པ་རེད།
2022ལོ་དང་2023ལོར་ཕྱི་རྒྱལ་གྱི་བརྩམས་ཆོས་འགྲེམས་སྟོན་རབ་དང་རིམ་པ་ཧྲང་ཧའེ་ཡི་རྟེན་མཛོད་ཁང་དང་མཛེས་རྩལ་ཁང་དུ་གཉེར་ནས་གྲོང་མི་ཚོར་སྣ་མང་ཕུན་སུམ་ཚོགས་པའི་སྒྱུ་རྩལ་གྱི་ཉར་ཚགས་དངོས་པོ་འགྲེམས་སྟོན་བྱས་ནས་ཤེས་དཔལ་མི་འདྲ་བ་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་བཏང་ཡོད།
ད་ལོའི་དབྱར་གསེང་རིང་སྲོལ་རྒྱུན་རིག་གནས་བརྗོད་དོན་གཙོ་བོར་བྱས་པའི་ཡུལ་སྐོར་སློབ་སྦྱོང་བྱེད་སྒོ་ཀྲུང་གོའི་ས་གནས་ཁག་ཏུ་རྒྱ་ཁྱབ་ངང་སྤེལ་བ་དེས་དམངས་ཚོགས་མང་པོ་རྒྱལ་ཡོངས་ཀྱི་ས་གནས་ཁག་གི་རྟེན་མཛོད་ཁང་དུ་ལྟ་སྐོར་བྱེད་པར་སྐྱོད་པའི་ཡིད་དབང་བཀུག་ཡོད།
པེ་ཅིང་གྲོང་ཁྱེར་རིག་དངོས་ཅུས་ཀྱིས་ཟླ་8པའི་ཟླ་དཀྱིལ་དུ་ཡོངས་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། དབྱར་ཁའི་གུང་གསེང་རིང་རྟེན་མཛོད་ཁང་དུ་ལྟ་སྐོར་བྱེད་མཁན་མུ་མཐུད་མང་དུ་ཕྱིན་པར་ཁ་གཏད་གཅོག་པ་དང་ལྟ་སྐོར་བའི་དགོས་མཁོ་སྐོང་ཆེད་པེ་ཅིང་གི་རྟེན་མཛོད་ཁང་46གིས་ཟླ་8པར་གཟའ་ཟླ་བར་སྒོ་རྒྱག་པའི་སྲོལ་དེ་གནས་སྐབས་མེད་པར་བཟོས་ནས་ལྟ་སྐོར་བར་ཉིན་ལྟར་སྒོ་ཕྱེ་ཡི་ཡོད།
ཧྲན་ཏུང་ཞིང་ཆེན་ཆུས་ཧྥུའུ་གྲོང་ཁྱེར་ཁུང་ཙི་རྟེན་མཛོད་ཁང་གི་ཀོན་ཀྲང་ཀུའོ་སི་ཁེ་ཡིས་རྟེན་མཛོད་ཁང་དུ་ལྟ་སྐོར་བྱེད་མཁན་མང་བ་དེ་ལས་སྲོལ་རྒྱུན་རིག་གནས་ལ་དགའ་པོ་བྱེད་པ་དང་ལྷག་པར་དུ་གཞོན་ནུ་ཚོས་སྲོལ་རྒྱུན་རིག་གནས་ལ་ཧ་ཅང་དགའ་པོ་བྱེད་པ་མཚོན་གྱི་ཡོད་ཅེས་བརྗོད།
—— པར་ཙིར་གྱི《གླེང་སྟེགས》དུས་དེབ་ཀྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།