དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལོ་བཅུའི་རིང་ལྷ་སའི་ལྷོ་རིའི་སྤྱི་གླིང་སྔོ་ལྗང་ལྗོན་ཤིང་གིས་བཀླུབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-30

    ལྷོ་རིའི་སྤྱི་གླིང་ལྷ་ས་སྐྱིད་ཆུའི་ལྷོ་ངོས་སུ་གནས་ཤིང་། སྤྱི་གླིང་ཁུལ་གྱི་རྒྱ་ཁྱོན་ལ་མུའུ་1600ལྷག་ཙམ་ཟིན་པ་དང་། དེ་ནི་ལྷ་ས་གྲོང་ཁྱེར་གྱིས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལག་ལེན་བསྟར་བའི་གྲུབ་འབྲས་ཀྱི་གྲས་ཤིག་རེད། ཕོ་བྲང་པོ་ཏ་ལ་པར་རྒྱག་པ་དང་། ལྷོ་རིའི་སྤྱི་གླིང་གི་རི་རྩེར་འཛེགས་ནས“མེས་རྒྱལ་ཁྲི་ལོར་བརྟན་པར་ཤོག”ཅེས་པའི་ཡིག་འབྲུ་དང་དྲན་རྟེན་པར་རྒྱག་པ། ལྷ་སའི་མཛེས་ལྗོངས་ཧྲིལ་པོར་ལྟ་བ་བཅས་ནི་ཡུལ་སྐོར་བས་ལྷོ་རིའི་སྤྱི་གླིང་དུ་ལྟ་སྐོར་བྱེད་སྐབས“ངེས་པར་དུ་སྒྲུབ་དགོས་པའི་རྣམ་གྲངས”སུ་གྱུར་ཡོད་ལ། ལྷ་སའི་གྲོང་མིས་ཀྱང་ལྷོ་རིའི་སྤྱི་གླིང་སྤྲོ་གསེང་རོལ་རྩེད་བྱ་ཡུལ་ཡག་པོ་ཞིག་ཏུ་བརྩི་གི་ཡོད། “ངའི་ཉེ་འགྲམ་གྱི་གྲོགས་པོ་མང་པོ་ཞིག་གིས་ལྷོ་རིའི་སྤྱི་གླིང་གི‘མེས་རྒྱལ་ཁྲི་ལོར་བརྟན་པར་ཤོག’ཅེས་པའི་མཉམ་པར་དེ་རང་ཉིད་ཀྱི་སྤྱི་ཚོགས་འབྲེལ་བའི་ལས་སྟེགས་ཀྱི་ངོ་པར་ལ་འཇོག་གི་ཡོད”ཅེས་ལྷ་སའི་གྲོང་མི་སྐལ་བཟང་གིས་གསར་འགོད་པར་བརྗོད།

    ལྷོ་རིའི་སྤྱི་གླིང་དུ་སྐྱོད་སྐབས། སྟོན་ཉམས་ལྡན་པའི་རི་ལྡེབས་སུ་ལྗོན་ཤིང་གི་ལོ་འདབ་སྔོ་ལྗང་དང་སེར་པོས་བརྒྱན་ཞིང་། གོམ་པ་སྤོས་ནས་དལ་བུར་འཛེགས་ནས་ཕྱོགས་བཞིར་བལྟས་པ་ན། ཡུལ་ལྗོངས་ལྟ་ན་སྡུག་ལ་རྒྱུག་ཆུ་ལྷུང་ལྷུང་དུ་འབབ་པ་དང་། རྒྱང་རིང་དུ་ཡོད་པའི་ཕོ་བྲང་པོ་ཏ་ལ་དེ་བས་བརྗིད་ཉམས་ལྡན་པར་སྣང་། ལོ་10ལྷག་ཙམ་གོང་འདི་ཁུལ་ནི་རྣམ་པ་གཞན་ཞིག་ཡིན་པ་བསམ་ཚོད་བྱེད་པར་དཀའ།

    བོད་ལྗོངས་སློབ་ཆེན་དཔལ་འབྱོར་དང་དོ་དམ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ལྕགས་མོ་འཚོས། ལྷོ་རིའི་ཤིང་འཛུགས་ནགས་བཟོའི་ལས་གྲྭ་ལག་ལེན་མ་བསྟར་གོང་འདི་ཁུལ་ནི་རྩྭ་རྩི་ཤིང་གང་ཡང་མི་སྐྱེ་བའི་རི་རྒོད་ཅིག་རེད་ཅེས་ངོ་སྤྲོད་བྱས་པ་དང་། ཁོང་གིས“ས་བབ་མཐོ་ཚད་སྨི་3900ཟིན་པའི་རི་བོར་ཤིང་འཛུགས་ནགས་བཟོ་བྱེད་པ་ནི་ལས་སླ་པོ་ཞིག་མ་རེད” དེ་གར་ཤིང་འཛུགས་སྐབས་དཀའ་ངལ་ཆེ་ཤོས་ནི་ཆུ་ཁུངས་ཡིན་པ་དང་། ལོ་དེར་ཤིང་འཛུགས་ནགས་བཟོ་བྱེད་སྐབས་ཆེད་མངགས་ཆུ་འཐེན་འཕྲུལ་འཁོར་མང་པོ་བཙུགས་ཡོད། རྡོས་ཁེངས་པའི་ས་ཆར་ས་དོང་འདྲུ་རྒྱུ་དེ་ཡང་ལས་སླ་པོ་མེད་པས་ནགས་བཟོ་རུ་མིས་གློག་གསོར་སྤྱད་ནས་ས་དོང་རེ་རེ་དྲུས་ཡོད་ཅེས་བརྗོད།

    “ནགས་བཟོའི་ཤིང་རིགས་འདེམས་སྐབས་ང་ཚོས་ས་མཐོའི་ཁུལ་དུ་འབུར་གཟུགས་རང་བཞིན་གྱི་རི་བོའི་ནགས་བཟོའི་ཚད་གཞི་ལྟར་གདམ་གསེས་ནན་པོ་བྱས་ནས་འདེབས་འཛུགས་ལག་རྩལ་མང་པོ་སྤྱད་དེ་ལྗོན་ཤིང་གི་ཐན་འགོག་དང་། དྲོད་ཚད་དམའ་པོ་འགོག་པ། ཆུ་སྲུང་བཅས་ཀྱི་ནུས་པ་ཆེ་རུ་བཏང་སྟེ་སྡོང་ཕྲུག་གསོན་ཚད་ལ་འགན་ལེན་བྱས་ཡོད”ཅེས་ལྷ་ས་གྲོང་ཁྱེར་ནགས་ཚལ་རྩྭ་ཐང་ཅུས་ཀྱི་ཏང་ཙུའི་ཁོངས་མི་ལི་པའོ་ཕིང་གིས་བརྗོད་པ་དང་། ཁོང་གིས། ལས་གྲྭ་འཛུགས་སྐྲུན་བྱས་མ་ཐག་པའི་སྐབས་སུ་ང་ཚོས་སྔ་རྗེས་སུ་ས་བབ་དང་ལས་ཡུལ་མི་འདྲ་བར་ནམ་དུས་མི་འདྲ་བའི་མི་ཐབས་ནགས་བཟོའི་ཚོད་ལྟ་བྱས་ཏེ་དམིགས་ཡུལ་ཡོད་པའི་སྒོ་ནས་ཡོང་ཁུངས་མི་འདྲ་བའི་སྡོང་ཕྲུག་དང་། ཚད་གཞི་མི་འདྲ་བའི་སྡོང་རིང་ལྗོན་ཤིང་། སྡོང་ཐུང་བཅས་རིགས་20ལྷག་ཙམ་ཚོད་འདེབས་བྱས་པ་བརྒྱུད། ལྷོ་རིར་འཛུགས་པར་འཚམ་པའི་སྡོང་ཕྲུག་རིགས་དང་། ཚད་གཞི། འདེབས་གསོའི་ལག་རྩལ། བདག་སྐྱོང་བྱ་ཐབས་བཅས་རིམ་བཞིན་འཚོལ་ཞིབ་ཐུབ་ཡོད་ཅེས་བརྗོད།

    ལྷོ་རིར་ནགས་བཟོ་སྔོ་འགྱུར་བྱས་པ་ལས་ལྷ་སས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཐད་འབད་བརྩོན་བྱས་པ་དང་གྲུབ་འབྲས་ཆེན་པོ་ཐོབ་པ་མངོན་ཡོད། 2022ལོར། བོད་ཀྱིས《ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་སྤྱིའི་འཆར་འགོད(2021ལོ་ནས་2030ལོ་བར)》བཀྲམ་ནས་ལོ་བཅུའི་རིང་མུའུ་ཁྲི་206.7ཟིན་པའི་ནགས་བཟོའི་ལས་འགན་ལེགས་སྒྲུབ་བྱ་རྩིས་ཡོད། བསྡོམས་རྩིས་ལ་གཞིགས་ན། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭས་ལོ་རེར་ཆ་སྙོམས་ཆུ་གསོག་ཚད་ཏུན་ཁྲི་4980ཙམ་དང་། ཐཱན་བརྟན་དུ་གཏོང་ཚད་ཏུན་ཁྲི་22.91 གསོ་རླུང་འདོན་ཚད་ཏུན་ཁྲི་19.30 ལུད་སྲུང་ཚད་ཏུན་ཁྲི་2.71བཅས་མང་དུ་ཕྱིན་ནས་ལོ་རེར་སྐྱེ་ཁམས་རིན་ཐང་སྒོར་དུང་ཕྱུར་14.85ཟིན་གྱི་ཡོད། ལྗང་མདོག་ལ་བརྟེན་ནས་ཡུལ་ལྗོངས་མང་དུ་འགྲོ་བ་དང་། ལྗང་མདོག་ལ་བརྟེན་ནས་ཡོང་འབབ་འཕར་བ། ལྗང་མདོག་ལ་བརྟེན་ནས་དར་རྒྱས་ཡོང་བ་བཅས་བྱས་ཤིང་། ལྷ་ས་གྲོང་ཁྱེར་ཉེ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་བསྟུན་ནས་མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ཀྱང་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།

    (《འོད་ཟེར་ཉིན་རེའི་ཚགས་པར》2023ལོའི་ཟླ་10ཚེས་24ཉིན་གྱི་པར་ངོས་02པ་ལས་དྲངས)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།