དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • དུས་ཚིགས་དང་པོ་ནས་གསུམ་པའི་བར་མཚོ་སྔོན་ཞིང་ཆེན་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་34.5ཟིན་པ།

    དུས་མཚུངས་ལས་19.7%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-10-29

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་10ཚེས་18ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཟི་ལིང་འགག་སྒོ་ལས་ཁུངས་ཀྱི་2023ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། འགག་སྒོའི་བསྡོམས་རྩིས་ལ་གཞིགས་ན། 2023ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་མཚོ་སྔོན་ཞིང་ཆེན་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་34.5ཟིན་པ་ན་ནིང་གི་དུས་མཚུངས(གཤམ་མཚུངས)ལས་19.7%འཕར་བ་ལས། ཕྱིར་གཏོང་སྒོར་དུང་ཕྱུར་19.6ཟིན་ནས་13.5%འཕར་བ་དང་། ནང་འདྲེན་སྒོར་དུང་ཕྱུར་14.9ཟིན་ནས་29%འཕར་བ། ཚོང་དོན་གཏོང་མང་ཉུང་འདྲེན་སྒོར་དུང་ཕྱུར་4.7ཟིན་ཡོད། ཕྱིར་གཏོང་ནང་འདྲེན་དང་། ཕྱིར་གཏོང་། ནང་འདྲེན་བཅས་ཀྱི་འཕར་ཚད་དུས་མཚུངས་ཀྱི་རྒྱལ་ཡོངས་ཆ་སྙོམས་ཆུ་ཚད་ལས་སོ་སོར་བརྒྱ་ཆའི་གྲངས་19.9དང་། 12.9 30.2མཐོ་རུ་ཕྱིན་ནས་སོ་སོར་རྒྱལ་ཡོངས་ཀྱི་ཨང་ལྔ་པ་དང་། བདུན་པ། བཞི་པ་སླེབས་ཡོད།

    དུས་ཚིགས་དང་པོ་ནས་གསུམ་པའི་བར་མཚོ་སྔོན་དུ་ཕྱིར་གཏོང་ནང་འདྲེན་གྱི་ལས་རྗེས་དངོས་ལྡན་པའི་ཕྱི་ཕྱོགས་ཚོང་དོན་ཁེ་ལས་165ཡོད་ཅིང་། 17%འཕར་བ་ལས། དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་17.9ཟིན་ནས་23%འཕར་བ་དེས་ཞིང་ཆེན་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་གྱི་51.9%བཟུང་བ་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་1.4མཐོ་རུ་ཕྱིན་ཏེ་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་འཕར་ཚད་ཀྱི་བརྒྱ་ཆའི་གྲངས་11.5ཟིན་ཡོད། དུས་མཚུངས་གཞུང་ཁོངས་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་15.9ཟིན་ནས་16.3%འཕར་བ་དེས་ཞིང་ཆེན་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་གྱི་46%བཟུང་ཡོད། ཕྱི་ཕྱོགས་ཚོང་དོན་མ་དངུལ་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་0.7ཟིན་ནས་17%འཕར་ཡོད། གཞན་ཡང་མཚོ་སྔོན་གྱི“ཆེད་ལེགས་ཁྱད་གསར”ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་2ཟིན་ནས་72.8%འཕར་ཡོད།

    དུས་ཚིགས་དང་པོ་ནས་གསུམ་པའི་བར་མཚོ་སྔོན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་22.8ཟིན་ནས་15%འཕར་ཏེ་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་འཕར་ཚད་བརྒྱ་ཆའི་གྲངས་10.4ཟིན་ནས་མཚོ་སྔོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་གི་བསྡུར་ཚད་66.1%ཟིན་ཡོད། དེ་དང་ཆབས་ཅིག་འདི་ལོ་ནས་བཟུང་མཚོ་སྔོན་གྱི་ཁེ་ལས་ཀྱིས་གསར་དར་ཁྲོམ་ར་གསར་འབྱེད་བྱེད་ཤུགས་ཆེ་རུ་དང་ཕྱི་ཕྱོགས་ཚོང་དོན་གྱི་གྲོགས་ཚོགས་རྒྱ་ཆེར་བཏང་ནས་དུས་ཚིགས་དང་པོ་ནས་གསུམ་པའི་བར་མཚོ་སྔོན་གྱིས་རྒྱལ་ཁབ(ས་ཁུལ)105དང་ཚོང་དོན་འགྲོ་འོང་བྱས་ཤིང་། མོང་གོལ་དང་། ཨ་ཀེན་ཐིན། ཁོ་ཐེ་ཏི་ཝོར། པོ་ཏོ་ལི་ཀོ་སོགས་ཚོང་དོན་རོགས་ཟླ་21མང་དུ་ཕྱིན་པས་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་ཁྲོམ་ར་དེ་བས་སྣེ་མང་ཅན་དུ་གྱུར་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར་མཚོ་སྔོན་གྱི་གྲོང་ཁྱེར་དང་ཀྲོའུ་8ལ་ཕྱིར་གཏོང་ནང་འདྲེན་གྱི་ལས་སྒོ་ཁྱབ་ཡོད།

    དུས་ཚིགས་དང་པོ་ནས་གསུམ་པའི་བར་མཚོ་སྔོན་གྱི་ཉི་ནུས་གློག་རྫས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་2.1ཟིན་ནས་ལྡབ་3.9འཕར་ཡོད། དུས་མཚུངས་མཚོ་སྔོན་གྱི་ལིན་སྐྱུར་ལྕགས་ལིས་དང་ལྕགས་རིགས་ལིས་སོགས་ལིས་གློག་རྒྱུ་ཆ་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་1.5ཟིན་ཡོད། གཞན་ཡང་འོད་ཤུགས་ལས་རིགས་ཀྱི་སྟོད་རྒྱུད་ཀྱི་མ་བཅོས་རྒྱུ་ཆ་གཙོ་བོ་མཚོ་སྔོན་དུ་ཤེལ་མང་སྭེལ་གྱི་དགོས་མཁོ་ཟམ་མི་ཆད་པར་ཆེ་རུ་ཕྱིན་པས། དུས་ཚིགས་དང་པོ་ནས་གསུམ་པའི་བར་མཚོ་སྔོན་གྱིས་ཤེལ་མང་སྭེལ་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་1.5ཟིན་པ་དང་ན་ནིང་གི་དུས་མཚུངས་སུ་ནང་འདྲེན་བྱས་མེད། དུས་ཚིགས་དང་པོ་ནས་གསུམ་པའི་བར་མཚོ་སྔོན་གྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་1.4ཟིན་ནས་16.1%འཕར་བ་ལས། དབྱར་རྩྭ་དགུན་འབུ་དང་འདྲེ་ཚེར་མ་སོ་སོར་སྒོར་ཁྲི་7373དང་སྒོར་ཁྲི་1022ཕྱིར་གཏོང་བྱས་པ་དང་འཕར་ཚད་སོ་སོར་76.3%དང་3.1%ཟིན་ཡོད། དུས་མཚུངས་མཚོ་སྔོན་གྱི་ཙོང་དང་ཧོང་ཀྭ་དེ་བཞིན་ལོ་སྒོར་པད་ཚལ་སོགས་རིགས་8ཀྱི་ས་མཐོའི་འཁྱག་བསིལ་སྔོ་ཚལ་ཕྱིར་གཏོང་ཐེངས་དང་པོ་བྱས་པ་དང་ཕྱིར་གཏོང་བྱེད་ཚད་བསྡོམས་འབོར་ཏུན་245ཟིན་ནས་ཕྱིར་གཏོང་རིན་ཐང་བསྡོམས་འབོར་སྒོར་ཁྲི་144.7ཟིན་ཡོད།

    དུས་ཚིགས་དང་པོ་ནས་གསུམ་པའི་བར་མཚོ་སྔོན་གྱི་ནང་འདྲེན་ཚོང་ཟོག་ཆེ་ཤོས་ཧ་ཡང་བྱེ་གཏེར་དང་གཏེར་ཁ་སྤུས་དག་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་5.3ཟིན་ནས་24.3%འཕར་ཡོད། རྒྱལ་ཁབ་དང་མཚོ་སྔོན་གྱི་རིགས་ཁག་གི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ཀྱི་ཕན་ནུས་སྔར་བས་མངོན་པས་དུས་ཚིགས་དང་པོ་ནས་གསུམ་པའི་བར་ཞིང་ཆེན་ཡོངས་ཀྱི་འཛད་རྫས་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་1.4ཟིན་ནས་6.8%འཕར་བ་ལས། བཟའ་བཅའ་དང་ཐ་མག་ཨ་རག་བཅས་ཀྱི་རིགས་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་1.3ཟིན་ནས་7.6%འཕར་ཡོད། དུས་མཚུངས་མཚོ་སྔོན་གྱི་འཕྲུལ་གློག་ཐོན་རྫས་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་3.1ཟིན་ནས་ལྡབ་2.6འཕར་ཡོད། རྡོ་སོལ་ནང་འདྲེན་བྱེད་ཚད་སྒོར་ཁྲི་9826ཟིན་པ་དང་ན་ནིང་གི་དུས་མཚུངས་སུ་ནང་འདྲེན་བྱས་མེད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།