ཀུ་ཤུ་ཆུང་ཆུང་གིས་ཕྱུག་འགྱུར་ལམ་ཆེན་བཏོད།
སྣང་རྫོང་དུང་དཀར་གྲོང་རྡལ་ཉལ་གྲོང་ཚོས་སྒོ་རའི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་བའི་སྐོར་གྱི་ཟུར་བྲིས།
གྲོང་གསེབ་ཏུ་སྐྱོད།
དར་རྒྱས་ལ་ལྟ།
ཉེ་ཆར། སྣང་རྫོང་དུང་དཀར་གྲོང་རྡལ་ཉལ་གྲོང་ཚོར་ཡུག་སྦྲེལ་གྱི་ཀུ་ཤུའི་སྡོང་པོར་ལོ་འདབ་རྒྱས་ནས་སྔོ་ཐིང་ཐིང་དུ་གནས་པ་དང་། ཡལ་གའི་སྟེང་ཀུ་ཤུ་དམར་ཐིང་ཐིང་གིས་ཁེངས་པ། མཁའ་རླུང་ཁྲོད་ཀུ་ཤུའི་དྲི་ཞིམ་འཐུལ་ཞིང་། ཤིང་འབྲས་འདེབས་མཁན་ཞིང་པ་རྣམས་ཤིང་འབྲས་འཐུ་བ་དང་། དབྱེ་གསེས། སྐྱེལ་འདྲེན་བཅས་ཀྱི་ལས་ལ་གཞོལ་ནས་ལོ་ལེགས་ཀྱི་དགའ་སྤྲོའི་དཔལ་ལ་རོལ་བཞིན་མཆིས།
ཉལ་གྲོང་ཚོའི་ཀུ་ཤུ་འཐུ་སར་གསར་འགོད་པས་ཀུ་ཤུ་མང་པོ་སྤུངས་པ་དག་སྒམ་དུ་བླུག་རྩིས་བྱེད་བཞིན་བསྡད་པ་དང་གྲོང་མི་ཚོས་ཕན་ཚུན་མཉམ་ལས་བྱས་ནས་གཙང་ཕྱིས་རྒྱག་པ་དང་སྒམ་དུ་བླུག་པ་བཅས་ཀྱི་བྲེལ་འཚུབ་ཀྱི་རྣམ་པ་ཞིག་མངོན་པ་མཐོང་བྱུང་།
ཉལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཁྱི་ལུད་ཀྱིས་གསར་འགོད་པར་ཉལ་གྲོང་ཚོའི་དུད་ཚང་རེས་ཆ་སྙོམས་ཤིང་འབྲས་སྡོང་པོ་30ལྷག་ཙམ་བཏབ་པར་ལོ་ལྟར་ཡོང་འབབ་སྒོར་བདུན་སྟོང་བརྒྱད་སྟོང་ཡོང་གི་ཡོད། འདི་ལོ་འབྲས་ཤིང་སྐྱེ་འཚར་ཡག་པོ་ཡོད་པ་མ་ཟད། ཀུ་ཤུ་ལའང་ཐོན་འབབ་ལེགས་པོ་བྱུང་ཡོད་ཅེས་བརྗོད།
“ཉིན་འདི་གཉིས་རིང་ཁྱོན་ཀུ་ཤུ་སྒམ་800ལྷག་ཙམ་བཙོངས་པ་དང་ད་ཆ་གྲོང་མི་ཚོས་ཚོང་ལ་སེམས་ཁྲལ་བྱེད་དགོས་མེད། ཁྱིམ་གྱི་སྒོ་རྩར་བཙོངས་པས་ཀུ་ཤུ་ཡང་བྲིན་ཁ་རྒྱུག་པོ་འདུག”ཅེས་ཁྱི་ལུད་ཀྱིས་བརྗོད་པ་དང་། ཁོང་གིས་སྔོན་ཆད་ཉལ་གྲོང་ཚོའི་ཀུ་ཤུ་འདེབས་མཁན་ཚང་མ“རྐྱང་རྒྱུག་རྐྱང་འཐབ་བྱེད་མཁན”ཤ་སྟག་རེད། འདི་ལོ་གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་གྲོང་མི་སྒྲིག་འཛུགས་བྱས་ནས་མཉམ་དུ་འཐུས་པ་མ་ཟད། ལྗོངས་ནང་ཁུལ་གྱི“ཞིང་གསུམ”གྱི་ཚོང་ཟོག་འཚོང་མཁན་ཨ་ཅག་དབང་མོ་གདན་དྲངས་ནས་ས་གནས་ས་ཐོག་ཏུ་ཚོང་ཟོག་ཐད་གཏོང་བྱས་ཏེ་གཅིག་གྱུར་འཚོང་གི་ཡོད་ཅེས་བརྗོད།
“སྒོ་རར་བཏབ་པའི་སྣང་རྫོང་གི་ཤིང་འབྲས་ལ་ཁྲོམ་རར་དགའ་བསུ་ཆེན་པོ་ཐོབ་ཡོད། མིག་སྔར་ཀུ་ཤུ་འཚོང་མཇུག་འགྲིལ་ཉེར་ཡོད་པ་རེད། ད་ཐེངས་གྲོང་ཚོ‘ཨུ་ལྷན་གཉིས’ལ་གཞོགས་འདེགས་བྱས་ནས་ཐད་གཏོང་བྱས་པ་དང་ཉིན་གཉིས་ལ་མངགས་ཐོ་800ལྷག་ཙམ་རག་བྱུང་། ཀུ་ཤུ་རྒྱ་མ་རེར་སྒོར་5བྱས་ནས་ཀུ་ཤུ་རྒྱ་མ་6000ལྷག་ཙམ་བཙོངས་པ་ཡིན། ངས་མུ་མཐུད་གྲོང་གསེབ་ཀྱི་ཐོན་རྫས་འཚོང་བར་ཤུགས་རྒྱག་གི་ཡིན”ཞེས་ཨ་ཅག་དབང་མོས་བརྗོད།
“ངའི་ཁྱིམ་དུ་ཀུ་སྡོང་40ལྷག་ཙམ་ཡོད། ཉིན་འདི་གཉིས་ལ་རྒྱ་མ་500ལྷག་ཙམ་བཙོངས་པ་ཡིན”ཉལ་གྲོང་ཚོའི་གྲོང་མི་བདེ་སྐྱིད་ཀྱིས་ཐད་གཏོང་བྱས་པ་བརྒྱུད་ཀུ་ཤུ་ཁྱིམ་གྱི་སྒོ་ར་ནས་འཐུ་གྱིན་འཚོང་གྱིན་བྱས་པས་ཧ་ཅང་སྟབས་བདེ་པོ་འདུག་ཅེས་དགའ་སྤྲོའི་ངང་བརྗོད།
ཉེ་བའི་ལོ་ཤས་རིང་། དུང་དཀར་གྲོང་རྡལ་གྱིས་གྲོང་མིར་ཁང་པའི་རྒྱབ་མདུན་གྱི་ས་སྟོང་བེད་སྤྱོད་ཡག་པོ་བྱས་ནས་འབྲས་ཤིང་འདེབས་པའི་སྐུལ་སློང་བྱས་ཏེ་སྒོ་རའི་དཔལ་འབྱོར་ཧུར་ཐག་བཏོད་ནས་མང་ཚོགས་དེ་བས་མང་བའི་ཕྱུག་འགྱུར་འབབ་འཕར་ལ་སྐུལ་ཁྲིད་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་ཡོད་པ་རེད།