དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཁྲི་ཀ་རྫོང་གིས་ཁྲིམས་སྐྱོང་ལ་བརྟེན་ནས་རྨ་ཆུའི་བདེ་འཇགས་སྲུང་སྐྱོང་བྱེད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  གཡང་ཕྱུག་ཟླ་སྒྲོན།   |     སྤེལ་དུས།  2023-10-28

     ཁྲི་ཀ་རྫོང་གི་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་གཙང་གསིང་གྲོང་ཚོར་ཁྱབ་ཚད་57%ཟིན་པ་དང་། རྫོང་གྲོང་གི་བཙོག་ཆུ་གཙང་གསིང་ཐུབ་ཚད་95.56%ཟིན་པ། རྫོང་ཡོངས་ཀྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཚད་གཞི་ལོན་ཚད་100%ཟིན་པ། རྨ་ཆུའི་བཅད་ངོས་ཀྱི་ཆུའི་སྤུས་ཚད་རིགས་གཉིས་པའི་ཚད་གཞི་གཏན་འཁྱོངས་ཐུབ་པ། སྒོ་ཕྱུགས་དང་ཁྱིམ་བྱའི་ལུད་གནོད་མེད་ཅན་གྱི་གཙང་སེལ་དང་ཐོན་ཁུངས་ཅན་བཞིན་སྤྱོད་པར་སྐུལ་འདེད་ཤུགས་ཆེན་བཏང་བས་སྒོ་ཕྱུགས་དང་ཁྱིམ་བྱའི་ལུད་ཕྱོགས་བསྡུས་སྤྱོད་ཚད་89.5%ཟིན་པ།

    འབྲས་ལྡན་དུས་སུ་རྨ་ཆུའི་སྟོད་རྒྱུད་ཀྱི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་ཀ་རྫོང་གི་རྨ་ཆུའི་ངོགས་གཉིས་ཀྱི་སྔོ་ལྗང་ལྗོན་ཤིང་དག་གི་ལོ་འདབ་སེར་པོར་གྱུར་ཅིང་། དྭངས་གཙང་གི་ཆུ་བོ་དང་མཐའ་འཁོར་གྱི་དངོས་པོ་དང་གྲོང་ཚོའི་བཀོད་པ་གཅིག་ལ་གཅིག་བརྟེན་དུ་གནས་པ་དེས་མ་བཅོས་ལྷུན་གྱིས་གྲུབ་པའི་རྨ་ཆུའི་མཛེས་རིས་ཤིག་གྲུབ་ཡོད།

    མཚོ་སྔོན་ནི“གཙང་གསུམ་ཆུ་འགོ”དང་། “ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག” རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་བཅས་ཡིན་ཞིང་། ས་ཁོངས་ནང་གི་རྨ་ཆུའི་གཞུང་ཆུའི་རིང་ཚད་ལ་སྤྱི་ལེ་1694ཡོད་པ་དེས་རྨ་ཆུའི་སྤྱིའི་རིང་ཚད་ཀྱི་31%བཟུང་བ་དང་། ལོ་མང་རིང་ས་ཁོངས་ནས་ཆ་སྙོམས་ཆུ་སྒྲོལ་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་264.3ཟིན་པ་དེས་རྒྱུག་ཁོངས་ཧྲིལ་པོའི་བཞུར་རྒྱུན་གྱི་49.4%བཟུང་ཡོད། ཁྲི་ཀ་རྫོང་ནི་རྨ་ཆུའི་སྟོད་རྒྱུད་དུ་གནས་པ་དང་། “ས་མཐོའི་སྔོ་ལྗང་མཛེས་ལྗོངས་ཁུལ་ཆུང་ངུར”འབོད་སྲོལ་ཡོད། ས་ཁོངས་ནང་གི་རྨ་ཆུར“གནམ་འོག་གི་རྨ་ཆུ་ཁྲི་ཀར་དྭངས”ཞེས་པའི་མཚན་སྙན་ལྡན་ཡོད།

    2023ལོའི་ཟླ་4ཚེས་1ཉིན《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨ་ཆུ་སྲུང་སྐྱོང་བཅའ་ཁྲིམས》ལག་ལེན་བསྟར་བ་ནས་བཟུང་། ཁྲི་ཀ་རྫོང་གིས་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་ཐད་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་ཕུགས་ཕན་དོ་དམ་ཚོད་འཛིན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་འགྲོ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།

    ལུའུ་ཧྭ་དབན་ཆུའི་སྐྱེ་ཁམས་འདམ་རའི་སྒྱུར་བཀོད་རིམ་སྤོར་རྣམ་གྲངས་སྐྲུན་སར་སྐྱོད་སྐབས་ཚ་ཚ་འུར་འུར་དང་གོ་རིམ་ལྡན་པ་ཞིག་ཡོད་པས་དབྱར་མཚོ་རྒྱས་པ་ལྟར་གྱི་རྣམ་པ་མངོན་གྱི་འདུག ཁྲི་ཀ་རྫོང་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཅུས་ཀྲང་ཝུའུ་ཐུང་ཧྲེང་གིས། ལུའུ་ཧྭ་དབན་ཆུའི་སྐྱེ་ཁམས་འདམ་ར་སྒྱུར་བཀོད་རིམ་སྤོར་རྣམ་གྲངས་དེ་འདམ་རའི་འགྲམ་ངོགས་སླར་གསོ་དང་། འཚོ་གནས་ཁུལ་སྲུང་སྐྱོང་། ཆུ་རྒྱུད་འབྲེལ་མཐུད། གཙང་གཤོང་དབྱེ་འབྱེད་སོགས་ཕྱོགས་བསྡུས་བཅོས་སྐྱོང་བྱ་ཐབས་བརྒྱུད། ལུའུ་ཧྭ་དབན་འདམ་རའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་འཕེལ་རྒྱས་ཡག་པོ་འགྲོ་བ་དང་ཆུ་རྩ་གསོ་བའི་ནུས་པ་རྒྱུན་མཐུད་ཆེ་རུ་གཏོང་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།

    བསྡོམས་རྩིས་བྱས་པར་གཞིགས་ན། ཁྲི་ཀ་རྫོང་གི་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་གཙང་གསིང་གྲོང་ཚོར་ཁྱབ་ཚད་57%ཟིན་པ་དང་། རྫོང་གྲོང་གི་བཙོག་ཆུ་གཙང་གསིང་ཐུབ་ཚད་95.56%ཟིན་པ། རྫོང་ཡོངས་ཀྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཚད་གཞི་ལོན་ཚད་100%ཟིན་པ། རྨ་ཆུའི་བཅད་ངོས་ཀྱི་ཆུའི་སྤུས་ཚད་རིགས་གཉིས་པའི་ཚད་གཞི་གཏན་འཁྱོངས་ཐུབ་པ། སྒོ་ཕྱུགས་དང་ཁྱིམ་བྱའི་ལུད་གནོད་མེད་ཅན་གྱི་གཙང་སེལ་དང་ཐོན་ཁུངས་ཅན་བཞིན་སྤྱོད་པར་སྐུལ་འདེད་ཤུགས་ཆེན་བཏང་བས་སྒོ་ཕྱུགས་དང་ཁྱིམ་བྱའི་ལུད་ཕྱོགས་བསྡུས་སྤྱོད་ཚད་89.5%ཟིན་པ་བཅས་རེད།

    མཉམ་དུ་བཅོས་སྐྱོང་དང་མཉམ་དུ་བེད་སྤྱོད་བྱས་ཏེ་མཉམ་ཤུགས་ཆགས་རྒྱུ་རྒྱུན་འཁྱོངས་བྱས་ཡོད། “ང་ཚོས་ས་གནས་ཁག་དང་སྡེ་ཚན་ཁག་གིས་ལས་བགོས་མཉམ་སྒྲུབ་དང་ཐུན་མོང་ཐོག་ཤུགས་བརྒྱབ་ནས་ཆུ་བོའི་སྟོད་སྨད་རྒྱུད་དང་། གཡས་ངོགས་གཡོན་ངོགས། གཞུང་ཆུ་དང་ཆུ་ཕྲན་བཅས་མཐུན་སྦྱོར་སྲུང་སྐྱོང་དང་བཅོས་སྐྱོང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས”ཞེས་ཁྲི་ཀ་རྫོང་ཆུ་བེད་ཅུས་ཀྱི་ཅུས་ཀྲང་ཧྥུའུ་ཧྲང་ཤིང་གིས་བཤད་ཅིང་། ཁོང་གིས་ཁྲི་ཀ་རྫོང་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་དང་མང་རྫོང་དང་དེ་བཞིན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གཅན་ཚ་རྫོང་དབར《རྨ་ཆུའི་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་གཙང་པོ་དང་མཚོ་དོ་དམ་སྲུང་སྐྱོང་གི་མཉམ་འགོག་མཉམ་ལྡོམ་མཉམ་བཅོས་ཀྱི་གྲོས་མཐུན་ཡི་གེར》མིང་རྟགས་བཀོད་ནས་རྒྱུག་ཁུལ་ཡོངས་ཀྱི་མཉམ་འགོག་མཉམ་ལྡོམ་བྱེད་ཟབ་ཏུ་བཏང་ཡོད་ཅེས་བཤད་པ་རེད།

    “ང་ཚོས་རྨ་ཆུ་སྲུང་སྐྱོང་དང་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་འགག་རྩའི་བྱ་ཐབས་ལ་བརྩིས་ནས། རྨ་ཆུའི་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་སྔོན་དུ་བྱེད་པ་དང་དོན་ཐོག་ཏུ་འཁྱོལ་བར་བྱས་ཡོད། མིག་སྔར་ཁྲི་ཀ་རྫོང་དུ་རྨ་ཆུར་བདག་སྐྱོང་དང་སྲུང་སྐྱོང་གི་རྣམ་པ་རགས་ཙམ་ཆགས་ཡོད”ཅེས་ཁྲི་ཀ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་ས་ཨེར་ནཱ་ཡིས་བཤད་ཅིང་། ཁོང་གིས་ཁྲི་ཀ་རྫོང་གིས་རྨ་ཆུའི་སྲུང་སྐྱོང་བཅའ་ཁྲིམས་མུ་མཐུད་ལག་བསྟར་དོན་འཁྱོལ་དང་། ཆུ་གཞུང་གི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། འགན་འཁྲི་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ནས་ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ཏེ་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་རྐྱང་ཞིག་གཏོད་རྒྱུ་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།