རང་རྒྱལ་གྱི་མངའ་ཁོངས་སྒྲོལ་བའི་དྲ་ཐོག་ཚོང་དོན་རོགས་ཟླ་གོ་ལ་ཧྲིལ་པོར་ཁྱབ་པ།
ཉེ་ཆར་ཚོང་དོན་པུའི་རྒྱལ་སྤྱིའི་ཚོང་དོན་གྲོས་མོལ་འཐུས་མི་དང་པུའུ་ཀྲང་གཞོན་པ་གཅིག་ལྕོགས་ཝང་ཧྲོའུ་ཝུན་གྱིས་མངའ་ཁོངས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱིས་རང་རྒྱལ་གྱི་དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་ནང་བཟུང་བའི་བསྡུར་ཚད་2015ལོའི་1%ནས་2022ལོའི་5%བར་འཕར་ཡོད་ཅེས་བཤད། འདི་ལོའི་ཟླ་དང་པོ་ནས་དགུ་པ་བར་མངའ་ཁོངས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་ཁྲི་1.7ཟིན་པ་དེ་དུས་མཚུངས་ལས་14.4%འཕར་ནས་དུས་མཚུངས་ཀྱི་དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་བསྡུར་ཚད་ཀྱི་5.5%བཟུང་ཡོད། རང་རྒྱལ་གྱི་མངའ་ཁོངས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་ཚོང་དོན་རོགས་ཟླ་གོ་ལ་ཧྲིལ་པོར་ཁྱབ་པ་དེ་གོ་ལ་ཧྲིལ་པོའི་མངའ་ཁོངས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་སྐྱེ་ཁམས་འཁོར་འབྲེལ་འཐུས་སྒོ་ཚང་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་རེད།
ཝང་ཧྲོའུ་ཝུན་གྱིས། 2022ལོར་རང་རྒྱལ་གྱིས་གྲངས་འཛིན་ཅན་གྱི་གཏོང་སྤྲོད་ཞབས་ཞུའི་ཚོང་དོན་གྱི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་2.51ཟིན་པ་དེ་དུས་མཚུངས་ལས་7.8%འཕར་ནས་གོ་ལ་ཧྲིལ་པོའི་ཨང་ལྔ་པར་སླེབས་ཡོད། འདི་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་རང་རྒྱལ་གྱི་གྲངས་འཛིན་ཅན་གྱི་གཏོང་སྤྲོད་ཞབས་ཞུའི་ཚོང་དོན་གྱི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་1.81ཟིན་པ་དེ་དུས་མཚུངས་ལས་10.4%འཕར་ཡོད། འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། 2022ལོར་མངའ་ཁོངས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་ཁྲི་2.11ཟིན་པ་དེ་དུས་མཚུངས་ལས་9.8%འཕར་བ་དེ་ནི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་རེད་ཅེས་ངོ་སྤྲོད་བྱས་པ་རེད།
རང་རྒྱལ་གྱི་གྲངས་འཛིན་ཚོང་དོན་འཕེལ་རྒྱས་ལ་གྲུབ་འབྲས་ལེགས་ཙམ་ཐོབ་པ་དེ་ཐོན་ལས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་པ་དང་། གྲངས་འཛིན་ལག་རྩལ་འཕེལ་རྒྱས་མྱུར་པོ་ཕྱིན་པ། བཀོལ་སྤྱོད་རྣམ་པ་ཉིན་བཞིན་ཕུན་སུམ་ཚོགས་སུ་ཕྱིན་པ་ལས་མཚོན་ཐུབ། ཝང་ཧྲོའུ་ཝུན་གྱིས་2022ལོར་རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་གྱི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་50.2ཟིན་པ་དེ་དུས་མཚུངས་ལས་10.3%འཕར་བ་དེས་GDPཡི་བསྡུར་ཚད་41.5%བཟུང་ཡོད། རང་རྒྱལ་གྱི་གྲངས་གཞིའི་ཐོན་འབོར་8.1ZBཟིན་པ་དེ་དུས་མཚུངས་ལས་22.7%འཕར་ཏེ་གོ་ལ་ཧྲིལ་པོའི་བསྡུར་ཚད་10.5%བཟུང་ནས་འཛམ་གླིང་གི་ཨང་གཉིས་པར་སླེབས་ཡོད། འདི་ལོའི་ཟླ་6པའི་བར་རང་རྒྱལ་གྱི་དྲ་དམངས་གཞི་ཁྱོན་དུང་ཕྱུར་10.79ཟིན་པ་དང་དྲ་སྦྲེལ་ཁྱབ་ཚད་76.4%ཟིན་ཡོད་ཅེས་བཤད།
“རང་རྒྱལ་གྱིས་གྲངས་འཛིན་ཚོང་དོན་གྱི་གསར་དར་ལག་རྩལ་གྱི་རང་བརྟེན་གསར་གཏོད་ནུས་པར་འདེགས་སྐྱོར་བྱེད་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད”ཝང་ཧྲོའུ་ཝུན་གྱིས་འཛམ་གླིང་གི་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གོ་ལ་ཧྲིལ་པོའི་གསར་གཏོད་སྟོན་གྲངས་ཀྱི་ཨང་རིམ་ཁྲོད་2022ལོར་རང་རྒྱལ་གྱི་གསར་གཏོད་ནུས་པའི་ཕྱོགས་བསྡུས་ཨང་རིམ་གོ་ལ་ཧྲིལ་པོའི་ཨང་11པར་སླེབས་པ་དང་། མི་ཐབས་རིག་ནུས་དང་། ཟོག་སྦྲེལ་དྲ་རྒྱ། ཚད་རྡུལ་ཆ་འཕྲིན་བཅས་ཁྱབ་ཁོངས་སུ་རང་རྒྱལ་གྱི་གསར་གཏོད་ཁེ་བེད་བདག་ཐོབ་ལ་དབང་སྐུར་བྱེད་ཚད་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད་ཅེས་བཤད།