ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་གིས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་བཏང་བ།
ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་གི་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་འགོར་བ་དང་དོ་སྙོམས་པོ་མེད། 2019ལོའི་གོང་ལ་རྫོང་ཡོངས་སུ་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་5ལས་དམའ་བའི་གྲོང་ཚོ་107ཡོད་པ་མ་ཟད། ཆུང་ཐོར་ཞན་གསུམ་གྱི་གནད་དོན་མངོན་གསལ་དོད་པོ་ཡོད་པ་རེད།
གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་ཇི་ལྟར་བྱས་ཏེ་སྟོབས་ཆེར་བཏང་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་དགོས་སམ། དེའི་ཐད་སྙན་རོང་རྫོང་གིས་དཀའ་གནད་ལ་ཕྱོགས་པ་དང་། སྔོན་ལ་ལག་བསྟར་དང་ཚོད་ལྟ། ལག་ལེན་བསྟར་གྱིན་འཚོལ་ཞིབ་བཅས་བྱས་ནས། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར“གྲོང་འབྲེལ་མཉམ་སྐྲུན་གྱིས་ཤང་ཧྲིལ་པོར་སྐུལ་འདེད་གཏོང་བའི”འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད་པ་རེད།
སྐུལ་འདེད་ཤུགས་ཆེན་བཏང་ནས་འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་བ། སྙན་རོང་རྫོང་གིས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་ལ་རོགས་སྐྱོར་དང་སྟོབས་ཆེར་གཏོང་རྒྱུ་དེ་ཉིན་རེའི་གྲོས་རིམ་གལ་ཆེན་དུ་བཅུག་ནས། ཇུས་འགོད་ལ་ཞིབ་འཇུག་དང་བཀོད་སྒྲིག་གཏིང་ཟབ་བྱས་པ་དང་། 《གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར》ཞིབ་འཇུག་བྱས་ནས་བཟོས་ཏེ་འགྲིམ་འགྲུལ་ས་བབ་དང་། ཁྱད་ལྡན་ཐོན་ལས། ཐོན་ཁུངས་ཁྱབ་ཚུལ་སོགས་ཀྱི་རྒྱུ་རྐྱེན་ལ་སྤྱི་འདོམས་བྱས་པ་དང་། “ཤང་རེར་སྤུས་རྟགས་རེ་ཡོད་པ་དང་གྲོང་འབྲེལ་མཉམ་སྐྲུན”ལ་བརྟེན་ནས་གཙོ་ཁྲིད་ཐོན་ལས་དང་འཕེལ་རྒྱས་གཏོང་སྟངས་གཏན་འཁེལ་བྱས་ཏེ། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར“མཉམ་གཏོད་དང་། མཉམ་འཕར། མཉམ་འཕེལ”བཅས་ཡོང་བར་སྐུལ་འདེད་བཏང་ཡོད་པ་རེད།
དེ་དང་ཆབས་ཅིག་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པ་ཤང་དང་གྲོང་ཚོ་ཚང་མར་ཁྱབ་པར་བྱས་ཏེ་ཤང་དང་གྲོང་རྡལ་ཚན་ཁག་གི་ཁོངས་མིས་གནས་སྡོད་མཛུབ་ཁྲིད་བྱས་ནས“འགག་གནད”ཐག་གཅོད་བྱས་པ་དང་། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་སྐུལ་འདེད་བཏང་ཡོད། གྲོང་ཚོ་རིམ་པའི་ཚན་ཁག་འཛུགས་སྐྱོང་ཧུར་ཐག་བྱེད་པ་དང་རྩ་འཛུགས་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་གྲོང་གསེབ་དར་རྒྱས་གཏོང་བའི་ལས་འགན་ཨང་དང་པོར་བརྩིས་ཏེ། སྔོན་ལ་ཕྱུག་འགྱུར་སྣེ་ཁྲིད་པ་ཁག་གཅིག་གྲོང་ཚོའི་ལས་བྱེད་པར་བདམས་ནས་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་འགན་འཁུར་བས་རང་འགན་ཧུར་ཐག་འཁུར་བར་སྐུལ་འདེད་བཏང་ཡོད་པ་རེད།
དཔེ་མཚོན་གྱིས་སྐུལ་ཁྲིད་བྱས་ཏེ་མཉམ་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ། “གྲོང་འབྲེལ་མཉམ་སྐྲུན་གྱིས་ཤང་ཧྲིལ་པོར་སྐུལ་འདེད་གཏོང་བར”དམིགས་ཏེ་དཔེ་མཚོན་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་བར་མཐོངས་ཀྱི་ཚད་བཀག་མེད་པར་བཟོས་ནས། གྲོང་ཚོའི་སྟོབས་ཇེ་ཆེར་དང་དམངས་རྣམས་ཕྱུག་པོ་ཆགས་པར་སྐུལ་འདེད་ཟམ་མི་ཆད་པར་བཏང་ཡོད་པ་རེད།
སེ་ཆེན་ཤང་ཁོངས་གཏོགས་སུ་སྲིད་འཛིན་གྲོང་ཚོ་28ཡོད་ཅིང་། ཤང་ཧྲིལ་པོར་སྐུལ་འདེད་མ་བཏང་གོང་མཉམ་སྡེབ་དཔལ་འབྱོར་ཁེར་རྐྱང་འཕེལ་རྒྱས་གཏོང་བཞིན་ཡོད་པས་ཡོང་འབབ་ཉུང་ཉུང་ལས་མེད། ཤང་ཧྲིལ་པོར་སྐུལ་འདེད་གཏོང་བའི་བསམ་ཕྱོགས་གཞིར་བཟུང་། སེ་ཆེན་ཤང་གིས་ཤང་ཏང་ཨུད་ཀྱིས་སྣེ་འཁྲིད་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་ཡོན་དང་མང་ཚོགས་སྒྲིག་འཛུགས་ཀྱིས་གྲོས་བསྡུར་ཡང་ཡང་བྱས་མཐར་གྲོང་ཚོ་28ལ་ཁྱབ་པའི་འབྲོག་ལས་ཐོན་ལས་དང་། མི་རིགས་ལག་ཤེས་བཟོ་རྩལ། བཟའ་བཏུང་ལས་རིགས་བཅས་གཞི་གཅིག་ཏུ་འདུས་པའི་རྫ་དམར་གྲོང་འབྲེལ་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་འཛུགས་རྒྱུའི་གཏན་འཁེལ་བྱས་ཤིང་། སྟོབས་ཤུགས་གཅིག་སྡུད་ཀྱིས་ཐོན་སྐྱེད་སྒྲུབ་རིམ་བཟོ་བ་དང་། ལས་སྣོན་ལག་རྩལ་གྱི་རིམ་པ་སྤོར་བ། ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཐོན་སྐྱེད་ཀྱི་གཙོ་རྒྱུ་ཆ་མི་ཚང་བ་དང་། འགྲན་རྩོད་ནུས་པ་ཆེན་པོ་མེད་པ། ཐོན་ལས་འཁོར་འབྲེལ་འཐུས་ཚང་མེད་པ་སོགས་ཀྱི་གནད་དོན་ནུས་ལྡན་བསལ་བས་2021ལོར་གྲོང་ཚོའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་20.98ཟིན་ཡོད་པ་རེད།
གཡུ་མཆོག་ཤང་ནི་རྫོང་གྲོང་དང་བར་ཐག་སྤྱི་ལེ་160ལྷག་ཙམ་གྱིས་ཆོད་ཅིང་འགྲིམ་འགྲུལ་སྟབས་བདེ་མེད་པས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་ཁག་པོ་ཡོད། གཡུ་མཆོག་ཤང་ཏང་ཨུད་ཀྱིས་མང་ཚོགས་ཀྱི་འདོད་མོས་ལ་གཞིགས་ནས་བརྟག་ཞིབ་དང་རིགས་པས་ཁུངས་སྐྱེལ་བའི་རྨང་གཞིའི་ཐོག ཉེ་འགྲམ་གྱི་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་6བསྡུ་སྒྲིལ་བྱས་ནས་གངས་ལུང་གྲོང་འབྲེལ་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་བཙུགས་པ་དང་། ཏང་ཡོན་ཕྱུག་འགྱུར་སྣེ་ཁྲིད་པ་7གྱིས་གཙོ་བོ་བྱས་པའི་གྲོང་འབྲེལ་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་ཏང་ཀྲི་པུའུ་བཙུགས་ནས་གཅིག་སྡུད་ཐོན་སྐྱེད་དང་གཅིག་གྱུར་ཕྱིར་འཚོང་བྱ་ཐབས་ལ་སྐུལ་འདེད་བཏང་བས། མཉམ་སྡེབ་དཔལ་འབྱོར་གྱི་ཕན་འབྲས་ལོ་རེ་བཞིན་ཆེ་རུ་ཕྱིན་ནས་2021ལོར་གྲོང་ཚོའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་15.32ཟིན་ཡོད་པ་རེད།
མིག་སྔར། སྙན་རོང་རྫོང་གིས་གྲོང་འབྲེལ་མཉམ་སྐྲུན་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཁྱོན་12བཙུགས་པ་དེ་གྲོང་ཚོ་51ལ་ཁྱབ་པ་དང་། གྲོང་ཚོ་ཁག་གི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་15ཟིན་ནས་མང་ཚོགས་དེ་བས་མང་བ་རང་ས་རང་ཡུལ་དུ་ལས་ཞུགས་དང་འབབ་འཕར་ཡོང་བའི་དམིགས་ཚད་མངོན་འགྱུར་བྱུང་ཡོད།
མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་བཏང་བ། 2019ལོ་ཚུན་དུ། སྙན་རོང་རྫོང་གིས་ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་ལ་འདེགས་སྐྱོར་དང་སྟོབས་ཆེར་གཏོང་བའི་རྣམ་གྲངས་ཁག་27དོན་འཁྱོལ་བྱས་པར་ཁྱོན་མ་དངུལ་སྒོར་ཁྲི་1350བཏང་ཡོད། དེའི་ནང་རྣམ་གྲངས་ཁག་12ལ་སྒོར་ཁྲི་600བཏང་ནས་གྲོང་འབྲེལ་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བར་སྤྱད་པ་དང་། མ་དངུལ་ཁག་གཅིག་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་སྤུས་རྟགས་གཏོད་པར་བཏང་ནས“སྙན་རོང”རྟགས་ཅན་གྱི་སྤུས་རྟགས་བདེ་བླག་ངང་བཏོད་དེ་སྙན་རོང་གི་ལ་ལ་དང་ཁྲ་འུ་ལའི་འབྲི་གཡག་སོགས་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཐོན་རྫས་ཁག་6གསར་སྤེལ་བྱས་པ། “4700ཁྲ་འུ་ལའི་འབྲི་གཡག” ཁྱད་ལྡན་འབྲོག་ལས་ཐོན་རྫས་ཀྱིས་རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་ལས་སྟེགས་ལ་བརྟེན་ནས་པེ་ཅིང་དུ་འགྲེམས་སྟོན་བྱས་པ། “སྙན་རོང”རྟགས་ཅན་གྱི་སྤུས་རྟགས་འབྲོག་ལས་ཐོན་རྫས་ཧུའེ་ཚའེ་ཚོང་གྲོང་དུ་བདེ་བླག་ངང་འཚོང་འགོ་ཚུགས་པ་བཅས་ལས་གྲོང་འབྲེལ་མཉམ་སྐྲུན་གྱིས་ཤང་ཧྲིལ་པོའི་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་སྒུལ་ནུས་གསར་པ་བསྣན་ཡོད་པ་རེད།
མིག་སྔའི་བར་རྫོང་ཡོངས་ཀྱི་གྲོང་ཚོ་ཚང་མར་མཉམ་སྡེབ་དཔལ་འབྱོར་ཡོད་པ་དང་གྲོང་ཚོ་ཚང་མར་གཏན་འཇགས་ཀྱི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་ཡོད་པ་མ་ཟད། གྲོང་ཚོ་ཁག་གི་མཉམ་སྡེབ་དཔལ་འབྱོར་གྱི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་10ཟིན་ཡོད། དེའི་ནང་སྒོར་ཁྲི་5ཡན་ཟིན་པའི་གྲོང་ཚོ་76དང་སྒོར་ཁྲི་50ཡན་ཟིན་པའི་གྲོང་ཚོ་18ཡོད་པས། གྲོང་ཚོའི་མཉམ་སྡེབ་ཀྱི་ཐོན་ཁུངས་དང་། རྒྱུ་ནོར། མ་དངུལ་བཅས་ནི་མང་ཚོགས་ཀྱིས་མིག་མཐོང་ལག་ཟིན་ཐུབ་པའི་ཕན་འབྲས་ལ་གྱུར་ཡོད་པ་རེད།