རང་བྱུང་ཁོར་ཡུག་སྲུང་སྐྱོང་བྱས། རི་སྔོ་ཆུ་དྭངས་ཡུན་དུ་གནས།
—— འདི་ལོ་ཚུན་དུ་རང་ལྗོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོང་ལས་དོན་སྐོར་གྱི་སྒྲིལ་གླེང་།
འདི་ལོ་ནས་བཟུང་། རང་ལྗོངས་ཀྱིས་ནགས་དཔོན་ལམ་ལུགས་དམ་འཛིན་བྱ་གཞིར་བྱེད་པ་དང་། ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་དང་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོང་དང་གོང་འཕེལ་གཏོང་བའི་རྣམ་པ་གསར་པ་ཆགས་པ་བཅས་བྱས་ནས། ལྗོངས་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་གོང་མཐོར་གཏོང་རྒྱུར་སྐུལ་འདེད་བཏང་ཡོད། མིག་སྔའི་བར། ནགས་ཚལ་དང་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོའི་མ་དངུལ་སྣ་ཚོཌ་ཁྱོན་སྒོར་དུང་ཕྱུར་53.21དོན་འཁྱོལ་བྱས་ནས། རང་ལྗོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་བཏིང་བ་མ་ཟད། མ་དངུལ་གྱི་འགན་ལེན་ཡང་བྱས་ཡོད་པ་རེད།
རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ལས་དོན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་སྐུལ་འདེད་བཏང་བ།
འདི་ལོ་ནས་བཟུང་། རང་ལྗོངས་ཀྱིས་ཐབས་མང་མཉམ་སྤྱོད་བྱས་ཏེ་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ལས་དོན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་སྐུལ་འདེད་བཏང་ཞིང་། 2023ལོར་ལྗོངས་ཡོངས་ཀྱི་ནགས་བཟོའི་ལས་འགན་མུའུ་ཁྲི་120ཟིན་རྒྱུ་ཡིན་པ་དང་། ལྷ་སའི་ལྷོ་རི་བྱང་རིའི་ནགས་བཟོ་སྔོ་འགྱུར་ལས་གྲྭར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཁར། “ཉིས་བརྩེགས”འཆར་འགོད་ནགས་བཟོ་སོགས་ཀྱི་རྣམ་གྲངས་གོ་རིམ་ལྡན་པའི་ངང་ལག་བསྟར་བྱས་ཡོད། མིག་སྔའི་བར་ནགས་གསོ་མུའུ་ཁྲི་79.97ལེགས་སྒྲུབ་ཟིན་པ་དང་། དེ་མིན་གྱི་མུའུ་ཁྲི་45ཡི་རི་རྒྱ་ནགས་གསོའི་ལས་འགན་ལེགས་གྲུབ་ཐུབ་ཉེར་ཡོད།
འདི་ལོ་ནས་བཟུང་། རང་ལྗོངས་ཀྱིས་རྩྭ་ཐང་སྲུང་སྐྱོང་དང་ཉམས་གསོའི་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཀྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་དོན་འཁྱོལ་ནན་པོ་བྱས་ནས། རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་དང་བཅོས་སྐྱོང་གི་ཚོད་ལྟའི་དཔེ་སྟོན་རྣམ་གྲངས་སྒྲིག་འཛུགས་དང་ལག་བསྟར་བྱས་པས། མིག་སྔའི་བར་རྨང་གཞིའི་འཛུགས་སྐྲུན་ལས་འགན་ལེགས་གྲུབ་ཟིན་ཡོད། 2023ལོར་ལྗོངས་ཡོངས་ཀྱི་རྩྭ་ཐང་ཉམས་གསོ་དང་བཅོས་སྒྲིག་ལས་འགན་མུའུ་ཁྲི་500ཟིན་པ་དང་། ད་ལྟ་མུའུ་ཁྲི་559.13ལེགས་སྒྲུབ་ཟིན་ནས་11.8%ཚད་བརྒལ་ལེགས་གྲུབ་བྱུང་བ་དང་། རྩྭ་ཐང་གི་ཐཱན་བསྡུ་ཉོ་ཚོང་ཐེངས་དང་པོར་སྒོར་ཁྲི་130བྱུང་བ། བྱེ་ཐང་ཅན་བཅོས་སྐྱོང་གི་འཛུགས་སྐྲུན་ལས་འགན་མུའུ་ཁྲི་3.17ལེགས་སྒྲུབ་ཟིན་པ། སེར་གླིང་མཚོ་སོགས་འདམ་ར་གལ་ཆེན་སྲུང་སྐྱོང་དང་སླར་གསོ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། སྨྲི་ཏི་ཁ་སོགས་རྒྱལ་སྤྱིའི་འདམ་ར་གལ་ཆེན་བཞིའི་སྐྱེ་ཁམས་ཕན་འབྲས་ཀྱི་གུན་གསབ་ལག་བསྟར་བྱས་ནས་འདམ་རའི་སྐྱེ་ཁམས་ཀྱི་སྤུས་ཚད་ལེགས་སུ་ཕྱིན་ཡོད་པ་རེད།
རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་བ།
2018ལོ་ནས་བཟུང་། རང་ལྗོངས་ཀྱིས་ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོ་བྱེད་འགོ་བཙུགས་ཏེ་ས་བབ་མཐོ་ཚད་སྨི་4800ཡན་གྱི་འབྲོག་དུད་ས་བབ་དམའ་བའི་ས་ཁུལ་དུ་གནས་སྤོས་ནས་འཚོ་སྡོད་བྱས་ཡོད། བྱ་ཐབས་དེས་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་ཕྱིན་པ་མ་ཟད། རི་སྐྱེས་སྲོག་ཆགས་ཀྱི་འཚོ་སྡོད་ཁོར་ཡུག་ཀྱང་ལེགས་སུ་ཕྱིན་ཡོད་པ་རེད།
གྲངས་གཞི་གསར་ཤོས་ལས་མངོན་པར། མིག་སྔར་བོད་དུ་རི་དྭགས་དང་རྩི་ཤིང་སྣ་ཁ་9600ལྷག་ཙམ་ཡོད་པ་དང་། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱ་ཡུལ་དུ་རི་དྭགས་རིགས་217འཚོ་སྡོད་བྱེད་བཞིན་ཡོད་པ། གཙང་པོ་དང་མཚོ་མཚེའུ་གཙོ་བོའི་ཆུ་སྤུས་དག་ཚད་ཆུ་ཁོངས་ཀྱི་ཚད་གཞི་རིགས་IIIཟིན་པའམ་ཡང་ན་དེ་ལས་ལེགས་པ་ཡོད། མྱ་ངམ་ཐང་དང་བྱེ་འགྱུར་ས་ཞིང་གི་རྒྱ་ཁྱོན་གཉིས་ཀ་ཆག་པ། ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།
རང་སྐྱོང་ལྗོངས་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་འཛོམས་དགའ་ཡིས་མིག་སྔར་ལྗོངས་ཡོངས་སུ་རིམ་པ་ཁག་དང་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་97བསྐྲུན་ཟིན་པ་དང་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་41.4ཟིན་ཞིང་། སྲུང་སྐྱོང་ཁུལ་དེ་དག་ནང་རང་ལྗོངས་ཀྱི་འཁྱག་རོམ་དང་གངས་རིའི་ཆུ་འགོ་དང་། མཚོ་མཚེའུ་འདམ་ར། རྩྭ་ཐང་སྤང་ལྗོངས། སྡོང་ཕྲན་ནགས་རྫོབ། དེ་བཞིན་རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་བྱེད་པའི་སྲོག་ཆགས་དང་རྩི་ཤིང་གི་འཚོ་གནས་ཁུལ་གལ་ཆེན་བཅས་ཚུད་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
ནགས་དཔོན་ལམ་ལུགས་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།
མིག་སྔར་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་གིས་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་ནགས་དཔོན་བཀོད་སྒྲིག་ལས་དོན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་ཏེ། རྫོང་རིམ་པའི་སྤྱི་ཁྱབ་ནགས་དཔོན་1དང་། སྤྱི་ཁྱབ་ནགས་དཔོན་གཞོན་པ་1 ནགས་དཔོན་31བཅས་དང་། ཤང་རིམ་པའི་ནགས་དཔོན་20དང་། གྲོང་ཚོ་རིམ་པའི་ནགས་དཔོན་350བཀོད་སྒྲིག་བྱས་ཡོད། གཞན་ཡང་ཆེད་ལས་བདག་སྐྱོང་པ་20དང་ནགས་སྲུང་བ་870བཀོད་སྒྲིག་བྱས་ཏེ་ནགས་སྲུང་བ་ཁྱོན་ཡོངས་ལ་ཁྱབ་པ། ནགས་དཔོན་ལམ་ལུགས་ཀྱི་ཁོངས་མིའི་ཚན་པ་24གཏན་འཁེལ་བྱས་ཡོད་པ་རེད།
དེ་དང་ཆབས་ཅིག འབྲི་རུ་རྫོང་གིས“འགྲམ་བཞིའི”ཤིང་འཛུགས་ལས་དོན་རྒྱུན་མཐུད་དང་རྒྱ་ཁྱབ་ངང་སྤེལ་བ་དང་། “གཙང་པོ་གཉིས་དང་ཆུ་བོ་བཞིའི”ནགས་བཟོ་སྔོ་འགྱུར་དང་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་ལག་བསྟར་བྱས་ཡོད། 2023ལོར་སྡོང་རྐང་ཁྲི་1.08འོས་འགན་ཤིང་འཛུགས་བྱས་པ་དང་། སྡོང་རྐང་ཁྲི་1.18ལྷག་ཙམ“འགྲམ་བཞིར”ཤིང་འཛུགས་གསབ་འཛུགས་བྱས་པ། རྒྱ་ལྕང་རྐང་ཁྲི་2ལྷག་ཙམ་གྱི་ཤིང་སོན་འཛུགས་པ་བཅས་བྱས་ཡོད། ལྷ་སའི་ལྷོ་རི་བྱང་རིའི་ནགས་བཟོ་སྔོ་འགྱུར་ལས་གྲའི་ནང་ཧུར་ཐག་ཞུགས་ཏེ་འདི་ལོའི་ཟླ་6པར་རྫོང་དེ་ཡོངས་ཀྱི་ཤིང་སྡོང་རྭ་བར་སྡོང་སོན་རྒྱ་མ་3000ཉོ་སྒྲུབ་བྱས་ཡོད་པ་རེད།