གྲོང་གསེབ་ཏུ་གཞིས་ཆགས་པའི“ཞིང་པ་གསར་པའི”ཉམས་བཟང་།
—— ཀོང་པོ་རྒྱ་མདའ་རྫོང་ཉང་ཕུ་ཤང་གིས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་ཧུར་ཐག་བྱེད་པའི་སྐོར་བཀོད་པ།
ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་རྒྱུ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་རྨང་གཞི་ཡིན་ཞིང་། “ཞིང་པ་གསར་པ”ནི་དེའི་ཁྲོད་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། ད་ཆ་ཉིང་ཁྲིར“ཞིང་པ་གསར་པ”དེ་བས་མང་པོས་ཤེས་བྱ་དང་། རྩལ་ནུས། ལག་རྩལ་བཅས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་ལས་ལ་ཞུགས་བཞིན་ཡོད།
ཀོང་པོ་རྒྱ་མདའ་རྫོང་ཉང་ཕུ་ཤང་གི“ཞིང་པ་གསར་པ”བྱམས་པ་བློ་བཟང་གིས་གསར་འགོད་པར། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་ཞིང་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་གཏོང་དགོས་ཞེས་བཏོན་ཡོད། དེས་ཞིང་ལས་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་པོར་བསྟན་ཡོད་པས་ང་ཚོ་གྲོང་གསེབ་ཏུ་གཞི་ཚུགས་པའི་སེམས་ཤུགས་ཇེ་ཆེར་འཕེལ་སོང་། སླད་ཕྱིན་ངས་ཚན་རིག་ལག་རྩལ་ལ་རྒྱུན་ཆད་མེད་པར་སློབ་སྦྱོང་བྱས་ནས། “ཞིང་པ་གསར་པ”ནས“གྲོང་གསེབ་དར་རྒྱས་གཏོང་མཁན”ཞིག་ཏུ་གྱུར་པ་བྱས་ཏེ། གྲོང་གསེབ་དར་རྒྱས་གཏོང་བར་ལེགས་སྐྱེས་ཧུར་ཐག་འབུལ་གྱི་ཡིན་ཞེས་བརྗོད།
ཕ་ཡུལ་དུ་གཞི་ཚུགས་ནས་འབྲི་གཡག་ཐོན་ལས་སྟོབས་ཆེར་གཏོང་བ།
སྔ་དྲོའི་ཆུ་ཚོད་བཅུ་པ་ཙམ་ལ། ཀོང་པོ་རྒྱ་མདའ་རྫོང་ཉང་ཕུ་ཤང་གི་ཉང་གཡག་ཕྱིར་ཚོང་ཞབས་ཞུ་ཚད་ཡོད་ཀུང་སིའི་སྒོ་འགྲམ་དུ་འཁྲུག་ཆ་ཧ་ཅང་དོད། ཉི་མ་མཐར་ཕྱིན་གྱིས་ཉེ་འགྲམ་གྱི་གྲོང་མིས་བསྐྱལ་བའི་ཀོ་བར་རྩིས་བཤེར་དང་རྟགས་རྒྱག་བཞིན་ཡོད། ཁོང་ནི་ཤང་གི་ཚན་རྩལ་ཆེད་ལས་པ་ཞིག་དང་ཀུང་སིའི་འགན་འཁུར་བ་ཞིག་ཡིན་པ་མ་ཟད། ད་དུང་མང་ཚོགས་ཀྱི་སེམས་དབུས་ཀྱི་སྦྱིན་བདག་ཅིག་ཀྱང་རེད།
འདི་ལོ་ཉི་མ་མཐར་ཕྱིན་གྱིས་རང་འགུལ་ངང་བོད་ལྗོངས་འགྱིག་ཆས་ཁེ་ལས་ཀུང་སི་དང་འབྲེལ་བ་བྱས་ནས་ཕྱིར་ཚོང་གི་གྲོས་མཐུན་བཞག་པ་དང་། ཀོ་བ་ཕྱིར་ཚོང་གི་འབྲེལ་ཟམ་བཙུགས་ནས་མང་ཚོགས་ལ་ཀོ་བ་དེ་དག་འཚོང་རོགས་བྱས་ཏེ་ཞིང་པར་འབབ་འཕར་ཡོང་ཐབས་བྱས།
མང་ཚོགས་ཀྱི་སེམས་དབུས་ཀྱི་སྦྱིན་བདག་ཅིག་ཡིན་པའི་ཉི་མ་མཐར་ཕྱིན་གྱིས་མང་ཚོགས་ལ་ཀོ་བ་འཚོང་རོགས་བྱེད་རྒྱུ་ནི་རང་གི་ལས་ཀའི་ཆ་ཤས་ཤིག་ཏུ་བརྩི་བཞིན་ཡོད། 2022ལོར་སློབ་ཆེན་ནས་ཐོན་རྗེས། ཁེ་ལས་སུ་ལས་ཀ་བྱེད་མྱོང་བ་དང་། ཕྱིར་ཚོང་གི་ཉམས་མྱོང་ཡོད་པའི་ཉི་མ་མཐར་ཕྱིན་ཕ་ཡུལ་དུ་ལོག་ནས་ཚན་རྩལ་ཆེད་ལས་པའི་འགན་འཁུར་བ་དང་སྦྲགས། ཟླ་10པར་བོད་ལྗོངས་ཉང་ཕུ་ཉང་གཡག་ཕྱིར་ཚོང་ཞབས་ཞུ་ཚད་ཡོད་ཀུང་སི་འཛུགས་པའི་ལས་ཀར་ཞུགས་པར། མང་ཚོགས་ཀྱིས་ཁོང་ཀུང་སིའི་འགན་འཁུར་བར་བདམས། ཁོང་གིས་ཤང་ཏང་ཨུད་དང་སྲིད་གཞུང་ལ་གཞོགས་འདེགས་བྱས་ཏེ་ཉང་ཕུ་ཉང་གཡག་གི་སྤུས་རྟགས་བཏོད་པ་མ་ཟད། ཉང་ཕུ་ཤང་གི་ཚགས་ཤ་ཕྱིར་ཚོང་གི་ཐབས་ལམ་རྒྱ་ཆེར་བཏང་ཡོད།
ཉི་མ་མཐར་ཕྱིན་གྱིས་ཤང་ནས་ལོ་4ནས་5བར་གྱི་སྡོམ་གསོས་བརྒྱབ་པའི་འབྲི་གཡག་ཉོས་ཏེ་སྟོད་ལུང་འབྲི་གཡག་གསོ་ཚགས་ར་བར་གཅིག་སྡུད་ཐོག་གསོས་པ་དང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་སྲོལ་རྒྱུན་གྱི་གསོ་ཚགས་བྱེད་སྟངས་ལ་འགྱུར་བ་གཏོང་བ། གཞི་ཁྱོན་ཅན་གྱི་གཅིག་སྡུད་གསོ་ཚགས་བྱེད་སྟངས་ཁྱབ་སྤེལ་བཏང་སྟེ་དུས་ཐུང་ནང་སྡོམ་གསོས་བརྒྱབ་ནས་བཤས་གཏོང་ཚད་མགྱོགས་སུ་གཏོང་བ་སོགས་ལོ་གཅིག་ཀྱང་སོང་མེད་རུང་ཁོང་གིས་ཀུང་སི་གཉེར་སྐྱོང་ཡག་པོ་བྱས་ཡོད་པ་རེད།
ཉི་མ་མཐར་ཕྱིན་གྱིས། 2022ལོར་སྟོད་ལུང་གསོ་ཚགས་ར་བས་འབྲི་གཡག་མགོ་གྲངས་22དང་ཉང་ཕུ་ཤང་གི་མང་ཚོགས་ཀྱི་ལག་ནས་ཉོས་པའི་འབྲི་གཡག་མགོ་གྲངས་21བཅས་བསྡོམས་འབྲི་གཡག་མགོ་གྲངས་43བཤས་བཏང་བར་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་75བྱུང་ཡོད་ཅེས་བརྗོད། མང་ཚོགས་ཀྱི་སྣེ་ཁྲིད་ནས་ཐོག་མའི་ཚོང་ལམ་ཡག་པོ་བཏོད་ཐུབ་སྟབས། ཕ་ཡུལ་དུ་གཞི་ཚུགས་ནས་འབྲི་གཡག་ཐོན་ལས་སྟོབས་ཆེར་གཏོང་བའི་ཉི་མ་མཐར་ཕྱིན་གྱི་གདེང་ཚོད་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད།
གྲོང་གསེབ་དར་རྒྱས་གཏོང་བར་ལང་ཚོ་དང་བློ་གྲོས་སྐྱེས་སུ་འབུལ་མཁན་གྲོང་གསེབ་ཀྱི་གཞོན་སྐྱེས་ལས་བྱེད་པ།
གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་གཏིང་ཟབ་གཏོང་མཁན་གྱི“ཞིང་པ་གསར་པའི”དཔུང་ཁག་ནང“95རྗེས་སྐྱེས”ཀྱི་གཞོན་སྐྱེས་མང་པོའི་གཟུགས་བརྙན་མཐོང་རྒྱུ་ཡོད། ཁོང་ཚོའི་ཁྲོད་ལ་ལ་ནི་ཉི་མ་མཐར་ཕྱིན་དང་འདྲ་བར་ཐོན་ལས་འཕེལ་རྒྱས་གཏོང་བཞིན་པའི“སྦྱིན་བདག”ཡིན་པ་དང་། ལ་ལ་ནི་གྲོང་གསེབ་དར་རྒྱས་གཏོང་བར་ལང་ཚོ་དང་བློ་གྲོས་སྐྱེས་སུ་འབུལ་མཁན་གྱི་གྲོང་ཚོའི་གཞོན་སྐྱེས་ལས་བྱེད་པ་ཡིན་ཞིང་། བྱམས་པ་བློ་བཟང་ཡང་གཞོན་སྐྱེས་དེ་ཚོའི་གྲས་ཤིག་རེད།
ཉིན་གུང་ཁ་ལག་བཟས་རྗེས། ཀོང་པོ་རྒྱ་མདའ་རྫོང་ཉང་ཕུ་ཤང་བསྙེན་མོ་ནང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཚེ་རིང་ནོར་བུ་དང“95རྗེས་སྐྱེས”ཀྱི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བྱམས་པ་བློ་བཟང་གིས་གྲོང་ཚོའི་བོད་བྱ་གསོ་ཚགས་ར་བར་བསྐྱོད་དེ་བྱ་གསོ་ར་བར་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡོད་མེད་ལ་ཞིབ་བཤེར་བྱས།
བསྙེན་མོ་ནང་གྲོང་ཚོའི་བོད་བྱ་གསོ་ཚགས་ར་བ་ནི་2017ལོར་བཙུགས་ཤིང་། ལོ་ཁ་ཤས་འཕེལ་རྒྱས་བཏང་བ་བརྒྱུད། མིག་སྔར་གྲོང་ཚོ་དེ་གའི་ཐོན་ལས་གཙོ་བོའི་གྲས་སུ་གྱུར་ཡོད།
ཚེ་རིང་ནོར་བུས། མིག་སྔར་བོད་བྱ་གསོ་ཚགས་ར་བའི་རྒྱ་ཁྱོན་སྨི་ངོས་གྲུ་1800ཟིན་པ་དང་། དུད་ཚང་42ཀྱི་ཡུལ་མི་དེར་ཞུགས་ཡོད། ལོའི་ཡོང་འབབ་སྒོར་ཁྲི་6ནས་7བར་ཟིན་གྱི་ཡོད། བྱམས་པ་བློ་བཟང་གིས་བོད་བྱ་གསོ་ཚགས་ར་བ་གཉེར་སྐྱོང་ཡག་པོ་ཡོང་བར་འབད་བརྩོན་ལྷོད་མེད་བྱས་ཡོད་ཅེས་བརྗོད།
2019ལོར་བྱམས་པ་བློ་བཟང་བསྙེན་མོ་ནང་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་ཞིག་ཏུ་གྱུར་ཞིང་། གྲོང་ཚོའི་ཐོན་ལས་སྟོབས་ཆེར་གཏོང་རྒྱུ་ནི་ཁོང་གི་བསམ་འདུན་ཆེ་ཤོས་དེ་རེད། སྒོ་ང་བྲིན་ཁ་མ་རྒྱུག་པའི་དུས་སུ་ཁོང་གིས་བོད་བྱ་གསོ་ཚགས་ར་བའི་འགན་འཁུར་བ་ཁྲིད་དེ་གྲོང་ཁྱེར་དུ་འཚོང་བར་བསྐྱོད་པ་དང་གང་སར་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་མ་ཟད། རྫོང་སྲིད་གཞུང་གི་ལས་ཁུངས་ཀྱི་ཟ་ཁང་དང་། ཇ་ཁང་། སྒོ་རྩིས་ཚོང་ཁང་སོགས་དང་དངོས་ཟོག་མཁོ་འདོན་གྱི་གན་རྒྱ་བཞག་ཡོད། བྱ་ཕྲུག་ཉོ་བར་གོང་ཧ་ཅང་མཐོ་བས་བྱམས་པ་བློ་བཟང་གིས་རང་ཉིད་ཀྱིས་མ་དངུལ་བཏང་ནས་བྲག་ཡིབ་ཆུས་སྨན་རི་ཤང་དུ་སློབ་སྦྱོང་བྱེད་པར་བསྐྱོད་པ་དང་། ཉིན་20ལྷག་ཙམ་རིང་ཁོང་གིས་སྒོ་ང་སྙོལ་བའི་ལག་རྩལ་ཁོང་དུ་ཆུད་ནས་ལོ་དེར་བྱ་གསོ་ར་བར་བྱ་ཕྲུག་200ལྷག་ཙམ་གསོ་རོགས་བྱས་པར། མི་ཐབས་ཀྱི་ལག་རྩལ་གྲོན་དངུལ་སོགས་བརྩིས་ན་བྱ་གསོ་ར་བར་མ་གནས་སྒོར་ཁྲི་6ལྷག་ཙམ་གྲོན་ཆུང་ཐུབ་ཡོད་པ་རེད།
བྱམས་པ་བློ་བཟང་དང་ཡུལ་མི་ཚོའི་ཐུན་མོང་འབད་བརྩོན་འོག་བསྙེན་མོ་ནང་གྲོང་ཚོའི་བོད་བྱ་གསོ་ཚགས་ར་བའི་ལས་ཀ་ཁག་རིམ་བཞིན་རྒྱུན་གཏན་བཞིན་གཉེར་སྐྱོང་ཐུབ་ཅིང་། “95རྗེས་སྐྱེས”ཀྱི་ན་གཞོན་ཕོ་གསར་དེ་དང་གྲོང་མི་ཚོའི་འབྲེལ་བ་ཡང་སྔར་བས་ཟབ་ཏུ་ཕྱིན་ཡོད།
ཤྭ་བ་ཁྲ་རིས་གསོས་ནས་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད།
“95རྗེས་སྐྱེས”ཀྱི་གྲོང་ཚོའི་གཞོན་སྐྱེས་ལས་བྱེད་པ་དང་ཀོང་པོ་རྒྱ་མདའ་རྫོང་ཉང་ཕུ་ཤང་བདུད་སྤྱི་གྲོང་ཚོའི་སྒྲིག་ཨུད་ཨུ་ཡོན་བསྟན་འཛིན་གཡུ་རྒྱལ་གྱིས་གྲོང་ཚོའི་ཤྭ་བ་ཁྲ་རིས་ཚོད་ལྟའི་གསོ་ཚགས་རྟེན་གཞི་འཛུགས་སྐྲུན་རྣམ་གྲངས་ཀྱི་ས་ཡུལ་དངོས་སུ་ལས་གྲྭའི་འཕེལ་རིམ་ལ་ལྟ་ཞིབ་བྱེད་བཞིན་མཆིས།
བསྟན་འཛིན་གཡུ་རྒྱལ་གྱིས། ཤྭ་བ་ཁྲ་རིས་གསོ་བ་ནི་ནོར་ལུག་གསོ་ཚགས་ལྟར་ངལ་ནུས་མང་པོ་མི་དགོས་ལ། གཟན་ཆག་གི་མ་གནས་ཀྱང་དམའ་པོ་རེད། ད་དུང་ཤྭ་བ་ཁྲ་རིས་ཀྱི་ཤ་ཁྲོམ་རར་བྲིན་ཁ་རྒྱུག་པ་དང་། ཤྭ་བའི་ཁྲག་རྭ་ནི་སྨན་རྒྱུ་རྩ་ཆེན་ཞིག་ཡིན་སྟབས་ཉེ་བའི་ལོ་ཤས་རིང་ཁྲོམ་རའི་རིན་གོང་ཡང་ཅུང་མཐོ་པོ་ཡོད་པས། ཤྭ་བ་ཁྲ་རིས་གསོ་ཚགས་བྱེད་པ་ནི་ཡུལ་མིའི་ཕྱུག་འགྱུར་ལ་སྐུལ་ཁྲིད་ཐུབ་པའི་ལམ་བུ་ཡག་པོ་ཞིག་རེད་ཅེས་ངོ་སྤྲོད་བྱས།
ཤྭ་བ་ཁྲ་རིས་གསོ་ཚགས་བྱེད་པ་ནི་བདུད་སྤྱི་གྲོང་ཚོའི་ངོས་ནས་བརྗོད་ན་ལས་ཀ་གསར་པ་ཞིག་ཡིན་པས། མང་ཚོགས་ཀྱིས་རྣམ་གྲངས་དེ་དང་ལེན་ཐུབ་པ་ཇི་ལྟར་བྱེད་དགོས་མིན་ཐད། རྣམ་གྲངས་ལག་ལེན་བསྟར་རིང་བསྟན་འཛིན་གཡུ་རྒྱལ་གྱིས་མང་ཚོགས་ལ་འགྲོ་ལུགས་སྣ་ཚོགས་གཉེར་རོགས་དང་། ཤྭ་བ་ཁྲ་རིས་གསོ་ཚགས་ཀྱི་ཤེས་བྱ་རང་སྦྱོང་བྱས་ནས་མང་ཚོགས་དང་འབྲེལ་གཏུག་དང་བསམ་འཆར་སྤེལ་རེས་སོགས་ཀྱི་ལས་དོན་མང་པོ་བསྒྲུབས། ཁོང་གི་སྐུལ་འདེད་འོག་བདུད་སྤྱི་གྲོང་ཚོའི་ཤྭ་བ་ཁྲ་རིས་གསོ་ཚགས་ཀྱི་ཐོན་ལས་དེ་རྣམ་གྲངས་འཆར་འགོད་ནས་རིམ་བཞིན་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྣེ་ཁྲིད་བྱེད་པའི་ཐབས་ལམ་གསར་པ་ཞིག་ཏུ་གྱུར།
བསྟན་འཛིན་གཡུ་རྒྱལ་གྱིས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་རེ་བས་ཁེངས་བཞིན་དུ། སླད་ཕྱིན་ང་ཚོས་ཤྭ་བ་ཁྲ་རིས་ཀྱི་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་པར་ཤུགས་སྣོན་རྒྱག་པ་དང་སྦྲགས། གྲོང་ཚོར་སྔོ་ལྗང་དྲོད་ཁང་དང་ཟ་ཁང་སོགས་བསྐྲུན་ནས་ཡུལ་མི་ཚོར་མཉམ་དུ་འཕེལ་རྒྱས་གཏོང་དུ་འཇུག་རྒྱུ་དང་། ཤྭ་བ་ཁྲ་རིས་གསོ་ཚགས་བྱ་རྒྱུ་དེ་གསོ་ཚགས་དང་། ཐོན་རྫས་ཞིབ་སྤེལ། ཕྱིར་ཚོང་། ཡུལ་སྐོར་ལྟ་སྐོར་བཅས་གཞི་གཅིག་ཅན་གྱི་གྲོང་གསེབ་ཀྱི་ཁྱད་ལྡན་ཡུལ་སྐོར་རྣམ་གྲངས་ཤིག་ཏུ་འགྱུར་བ་དང་། གྲོང་ཚོ་དེ་གའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་རྟགས་ཤིག་ཏུ་འགྱུར་བ་བྱེད་ཀྱི་ཡིན་ཞེས་བརྗོད།