མི་རིགས་ཁག་དབར་གཅིག་སེམས་གཅིག་ལ་འབྲེལ། མཛའ་བརྩེ་ཟབ་པས་ཁྱིམ་ཚང་གཅིག་ལྟར་བརྩེ།
—— བོད་ལྗོངས་ལྷ་ས་གྲོང་ཁྱེར་ཀླུ་སྒུག་སྡེ་ཁུལ་གྱི་མི་རིགས་མཐུན་སྒྲིལ་གྱི་ལག་ལེན་སྐོར་བཀོད་པ།
ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་ཀླུ་སྒུག་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས་ཏང་འཛུགས་སྐྱོང་གི་ལས་དོན་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་དང་མཉམ་འདྲེས་བྱས་ཏེ། ཏང་འཛུགས་སྐྱོང་དང་། དམངས་འཚོར་ཞབས་ཞུ། རིག་གནས་ཀྱི་མོས་སེམས་སོགས་ལ་སྤྱི་འདོམས་བྱས་ནས། མི་རིགས་ཁག་གི་ཐུན་མོང་འཚོ་བའི་བདེ་སྐྱིད་ཁྱིམ་གཞིས་ཏན་ཏིག་ངང་བསྐྲུན་ཡོད། མི་རིགས་ཁག་གི་མང་ཚོགས་ཚོས་དེ་གར་མཉམ་སྡོད་མཉམ་སྦྱོང་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་སྒྲུབ་མཉམ་རོལ་བཅས་བྱས་ནས། མི་རིགས་ཁག་དབར་ཕན་ཚུན་སྐུལ་འདེད་དང་མཉམ་འདྲེས་དང་། མཐུན་སྒྲིལ་འབད་འཐབ། ཐུན་མོང་འཕེལ་རྒྱས་བཅས་ཀྱི་རྣམ་པ་ཟབ་མོ་བཏོད་དེ་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་ཡོད།
ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་མཐུན་སྒྲིལ་གྱི་གཙོ་རྐང་བརྟན་དུ་བཏང་བ།
“ཉེ་བའི་ལོ་ཤས་རིང་། སྡེ་ཁུལ་དུ་འཛུགས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས‘འགོ་གཙོ་དང་པོས’སྤྱི་འགན་འཁུར་བ་དང་། ཁག་བགོས་དོ་དམ་འགོ་ཁྲིད་ཀྱིས་འགན་འཁྲི་ནན་ཏན་ཁུར་བ། ཚན་ཁག་གི་ཁོངས་མི་གཞན་དག་གིས། ལས་བགོས་དོ་དམ་ཁྱབ་ཁོངས་ལ་དམ་འཛིན་ཡག་པོ་བྱེད་པ་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་པ་དང་། དྲ་མིག་ཁག་གིས་འགན་ནུས་གང་ལེགས་བཏོན་པ། དུད་སྦྲེལ་ཁག་གི་འཐུས་མི་དང་མང་ཚོགས་ཚོ་དེའི་ནང་ཧུར་ཐག་ཞུགས་པ་དང་། ཕན་ཚུན་རྒྱབ་སྐྱོར། གཞོགས་འདེགས་དམ་ཟབ། ཕྱོགས་མང་མཉམ་འགུལ་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་རྩ་འཛུགས་རྨང་གཞི་ཀླུ་སྒུག་སྡེ་ཁུལ་དུ་བརྟན་པོ་བཙུགས་པ། ཏང་འཛུགས་སྐྱོང་གིས་མི་རིགས་མཐུན་སྒྲིལ་ལ་སྣེ་ཁྲིད་བྱེད་པ་དེ་ཀླུ་སྒུག་སྡེ་ཁུལ་གྱི‘བདེ་སྐྱིད་ཀྱི་གསང་བའི་ཨང་ཀིར’རིམ་གྱིས་གྱུར་ཡོད”ཅེས་ཀླུ་སྒུག་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་གཞོན་པ་གྲོང་མི་ཨུ་ལྷན་གྱི་ཀྲུའུ་རེན་བསོད་ནམས་རྒྱལ་མཚན་གྱིས་སྤོབས་སེམས་ཆེན་པོས་བཤད།
ཀླུ་སྒུག་སྡེ་ཁུལ་དུ་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་སྤེན་སྒྲོལ་གྱིས་གཟའ་འཁོར་རེར་ཁོངས་གཏོགས་ཁུལ་གྱི་གྲོང་མིར་ཆུ་ཚོད་གཅིག་རིང་གི་བོད་རྒྱ“སྐད་གཉིས”སློབ་ཚན་འཁྲིད་ཀྱི་ཡོད། སློབ་ཚན་གྱི་ནང་དོན་གཙོ་བོ་ནི་དུས་རྒྱུན་སྤྱོད་པའི་ཕལ་སྐད་གཙོ་བོ་ཡིན་པ་དང་། དེའི་ནང་ཞུགས་མཁན་གཙོ་བོ་ནི་སྡེ་ཁུལ་གྱི་གྲོང་མི་དང་། བྱེས་འགྲོས་མི་འབོར་དང་དེ་བཞིན་ཕྱི་ནས་ཡོང་བའི་ཚོང་དུད་ཡིན་པ་རེད།
ད་ཆ། ཁྱིམ་མཚེས་དབར“སྐད་གཉིས”ཀྱིས་འཚམས་འདྲི་དང་སྤེལ་རེས་བྱེད་པ་དེ་སྡེ་ཁུལ་གྱི་གང་སར་མཐོང་རྒྱུ་ཡོད་པ་དང་། གྲོང་མི་ཚོའི་འཛུམ་མདངས་ལས་མི་རིགས་མཐུན་སྒྲིལ་གྱི་སྡེ་ཁུལ་དེའི་ནང་འཚོ་བ་སྐྱེལ་བའི་བདེ་སྐྱིད་ཀྱི་རྣམ་པ་ཚོར་ཐུབ་ཀྱི་ཡོད།
རིག་གནས་ཀྱི་མོས་སེམས་ཆེ་རུ་བཏང་ནས་མི་རིགས་མཐུན་སྒྲིལ་གྱི་སེམས་མཐུན་སྒོར་མོ་ཡག་པོ་བྲིས་པ།
ཀླུ་སྒུག་སྡེ་ཁུལ་གྱིས་མཉམ་འདྲེས་ཁྲོད་མཉམ་སྐྲུན་དང་མཉམ་སྐྲུན་ཁྲོད་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་རིག་རྩལ་སྐོང་འཁྲབ་དང་མི་རིགས་ཀྱི་གླུ་གར་སྒོ་རའི་ནང་འཁྲབ་སྟོན་བྱེད་པ་སོགས་མཚོན་བྱེད་དུ་བྱེད་པའི་རིག་གནས་དམངས་ཕན་གྱི་སྤུས་རྟགས་བཏོད་པ་དང་། ཀུན་སྤྱོད་ཀྱིས་མི་སྐྱོང་བ་དང་རིག་གནས་ཀྱིས་སེམས་པ་བརླན་པར་བྱས་ནས། རིག་གནས་ཀྱི་མོས་སེམས་ཆེ་རུ་གཏོང་བ་དང་རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་སྟེ། ཁྱིམ་སྲོལ་བཟང་པོ་དང་བབ་ཆགས་ཀྱི་དམངས་སྲོལ་སྐྱེད་སྲིང་བྱས་ནས། དམངས་སེམས་གཅིག་མཐུན་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་འབྲེལ་ཟམ་བཙུགས་པ་རེད།
དེ་དང་ཆབས་ཅིག་ཀླུ་སྒུག་སྡེ་ཁུལ་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རྣམ་པ་སྣ་ཚོགས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོར་དམ་འཛིན་ཡག་པོ་བྱས་ནས། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱ་རྒྱུ་དེ་སྤྱི་དམངས་ཀྱི་སྤྱི་ཆིངས་སུ་བཅུག་ཡོད། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་སོགས་སུ“ང་ཚོའི་དུས་ཆེན”གྱི་རིག་རྩལ་སྐོང་འཁྲབ་དང་བཞུགས་མོལ་སྤེལ་རེས་སོགས་ཀྱི་བྱེད་སྒོ་སྤེལ་ཏེ། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་མི་རིགས་ཁག་གི་མང་ཚོགས་ཁྲོད་དུ་རབ་ཏུ་བཞད་པར་བྱས་ཡོད།
དོ་དམ་དང་ཞབས་ཞུ་ལེགས་སུ་བཏང་ནས་མི་རིགས་མཐུན་སྒྲིལ་གྱི་མི་སེམས་འགུལ་བའི་བྱ་བ་ཡག་པོ་བསྒྲུབས་པ།
ཀླུ་སྒུག་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས་དང་བླངས་གཙང་སྦྲ་ཆེན་པོ་དང་། ཡ་རབས་འགྲིམ་འགྲུལ་ཕྱོགས་སྟོན། རྒན་རྒོན་དང་ཉམས་ཞན་དབང་པོ་སྐྱོན་ཅན་ལ་རོགས་རམ་སོགས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་དང“ཐོ་འགོད་གཉིས་ནས་སྐར་གསོག་གཉིས”བར་གྱི་ལས་སྟེགས་ལ་བརྟེན་ནས། ཁོངས་གཏོགས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་དཀའ་ངལ་ཆེ་བའི་གནད་དོན་100ལྷག་ཙམ་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སྒྲོག་འགྲེལ་བྱེད་སྒོ་ཐེངས་10ལྷག་ཙམ་སྤེལ་བ། བཅའ་སྡོད་བྱ་ཡུལ་ཚན་པའི་ཏང་རྩ་འཛུགས་སྒྲིག་འཛུགས་ཀྱིས་མང་ཚོགས་ཀྱི“བསམ་འདུན་ཆུང་ངུ”ཞེས་པའི་བྱེད་སྒོ་སྤེལ་བ། བཅའ་སྡོད་བྱ་ཡུལ་གྱི་ཚན་པ་དང་མང་ཚོགས་དབར“གཅིག་གཏད་གཅིག”གི་གནད་སྨིན་ཞབས་འདེགས་ཞུས་ཏེ། ཕན་ཚུན་བརྩེ་བ་འཆང་བ་དང་རོགས་རེས་བྱེད་པའི་འདུ་ཤེས་སེམས་ནང་གཏིང་ཟབ་ཟུག་པར་བྱས་ནས། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རྒྱུན་དུ་ནས་བཞད་ཐུབ་པར་བྱས་ཡོད།
ད་ཆ་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ཀླུ་སྒུག་སྡེ་ཁུལ་དུ་དེ་བས་མི་སེམས་ལ་ཟུག་པ་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སྤུན་ཉེ་འཆམ་མཐུན་དང་ཕན་ཚུན་ལྟ་སྐྱོང་གི་དྲོ་སྐྱིད་ལྡན་པའི་རྣམ་པ་ཞིག་ཐུན་མོང་ཐོག་བཏོད་ཡོད་པ་རེད།