མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞིས་བསྟན་དོན།
གོ་ལ་ཧྲིལ་པོའི་ཕྲུ་གུ་བུ་མོ་སློབ་གྲྭར་ཞུགས་ཚད་མང་དུ་ཕྱིན་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་རི་སི་ནས་གློག་འཕྲིན་འབྱོར་གསལ། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། གོ་ལ་ཧྲིལ་པོར་ཕྲུ་གུ་བུ་མོ་སློབ་གྲྭར་ཞུགས་རྒྱུ་འགན་ལེན་སོགས་ཐད་ཡར་རྒྱས་ཆེན་པོ་བྱུང་ཡོད། 2022ལོ་དང་2015ལོ་བསྡུར་ན་ཕྲུ་གུ་བུ་མོ་སློབ་གྲྭར་ཞུགས་ཚད་ཁྲི་5000ཙམ་འཕར་ཡོད་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2015ལོ་དང་བསྡུར་ན་2022ལོའི་གོ་ལ་ཧྲིལ་པོའི་སློབ་ཆུང་དུས་མཚམས་ཀྱི་ཕྲུ་གུ་བུ་མོ་སློབ་གྲྭར་ཞུགས་ཚད་ཁྲི་2250མང་དུ་ཕྱིན་པ་དང་། དམའ་རིམ་སློབ་འབྲིང་དུ་ཕྲུ་གུ་བུ་མོ་སློབ་གྲྭར་ཞུགས་ཚད་ཁྲི་1460མང་དུ་ཕྱིན་པ། མཐོ་རིམ་སློབ་འབྲིང་དུ་ཕྲུ་གུ་བུ་མོ་སློབ་གྲྭར་ཞུགས་ཚད་ཁྲི་1300མང་དུ་ཕྱིན་ཡོད། ཕྲུ་གུ་བུ་མོས་སློབ་ཆུང་དུ་སློབ་གསོ་མྱོང་ཚད་2015ལོའི་86%ནས་2022ལོའི་89%བར་མཐོ་རུ་ཕྱིན་པ་དང་། དམའ་རིམ་སློབ་འབྲིང་དུ་སློབ་གསོ་མྱོང་ཚད་74%ནས་79%བར་མཐོ་རུ་ཕྱིན་པ། མཐོ་རིམ་སློབ་འབྲིང་དུ་སློབ་གསོ་མྱོང་ཚད་54%ནས་61%བར་མཐོ་རུ་ཕྱིན་པ་བཅས་རེད།
མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་དེ་དང་ཆབས་ཅིག་ཕྱོགས་ཁག་ལ་ཕྲུ་གུ་བུ་མོ་དང་བུར་འདྲ་མཉམ་གྱི་སློབ་གསོ་དང་ལེན་བྱེད་དབང་ལོངས་སྤྱོད་ཐུབ་པར་མུ་མཐུད་འབད་བརྩོན་བྱ་རྒྱུའི་འབོད་སྐུལ་བྱས་པ་རེད། གང་ལགས་ཤེ་ན། མིག་སྔར་འཛམ་གླིང་ཡོངས་སུ་སྔར་བཞིན་ཕྲུ་གུ་བུ་མོ་དུང་ཕྱུར་1.22སློབ་མཚམས་ཆད་པའི་གནས་སུ་གྱར་ཡོད། ལྷག་པར་དུ་ས་ཧ་ལ་ལྷོ་རྒྱུད་ཀྱི་ཨ་ཧྥེ་རི་ཁ་ས་ཁུལ་དུ་ས་གནས་དེ་གའི་ཕྲུ་གུ་བུ་མོ་སློབ་གྲྭར་སྐྱོད་པའི་གོ་སྐབས་སྔར་བཞིན་ཧ་ཅང་ཉུང་ཉུང་ཡིན་པ་རེད།
ཕྲུ་གུ་བུ་མོ་དེ་བས་མང་བར་སློབ་གསོ་མྱོང་བའི་གོ་སྐབས་ཐོབ་ཆེད། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་མཉམ་ལས་རོགས་ཟླས་འགག་རྩའི་ཁྱབ་ཁོངས་སུ་བྱ་སྤྱོད་མགྱོགས་མྱུར་སྤེལ་དགོས་པའི་རེ་འབོད་བྱས་པའི་ནང་། ཉམས་ཞན་ཕྲུ་གུ་བུ་མོར་ལོ་12རིང་བདེ་འཇགས་དང་། སློབ་ཡོན་མི་དགོས་པ། སྤུས་ལེགས་བཅས་ཀྱི་སློབ་གསོ་ཐོབ་པར་རྒྱབ་སྐྱོར་བྱ་རྒྱུ་དང་། ཕྲུ་གུ་བུ་མོའི་སློབ་གསོའི་འབྲེལ་ཡོད་གྲངས་གཞི་བསྡུ་རུབ་དང་། དབྱེ་ཞིབ། བེད་སྤྱོད་བཅས་ལ་ཤུགས་སྣོན་རྒྱག་པ། ཕོ་མོ་འདྲ་མཉམ་ལ་སྐུལ་འདེད་གཏོང་བའི་སློབ་གསོའི་སྡེ་ཚན་གྱི་འཆར་གཞི་སྔར་བས་གཏན་འབེབས་བྱེད་པ། དགེ་རྒན་བུ་མོའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཚུད་ཡོད།
མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཨ་ཙུའུ་ལའེ་ཡིས“གོ་ལ་ཧྲིལ་པོའི་སློབ་གསོའི་ཁྱབ་ཁོངས་སུ་ཕོ་མོ་འདྲ་མཉམ་ཡོང་ཆེད། ང་ཚོས་ངེས་པར་དུ་འབད་བརྩོན་ལྷོད་མེད་བྱས་ནས་ཕྲུ་གུ་བུ་མོར་རོགས་རམ་བྱེད་པ་དང་འབྲེལ། ཁོང་ཚོར་གྲུབ་འབྲས་ཐོབ་རྒྱུར་ཕན་པའི་ཁོར་ཡུག་ཀྱང་གཏོད་དགོས”ཞེས་བརྗོད།