སྤྱིར་བཏང་གི་ལས་གནས་ཐོག་ལང་ཚོ་སྐྱེས་སུ་འབུལ་མཁན་སྐལ་བཟང་གྲགས་པ།
“ང་ཆུང་དུས་ནས་ཉེན་རྟོག་པ་བྱེད་པའི་ཕུགས་འདུན་ཡོད། མཐོ་རིམ་སློབ་འབྲིང་ཐོན་རྗེས་2013ལོར་ལས་རོགས་ཉེན་རྟོག་པའི་ཡིག་རྒྱུགས་ནང་ཞུགས་པ་ཡིན། ཡིག་རྒྱུགས་ལོན་པའི་བརྡ་ཐོ་འབྱོར་རྗེས་ང་ཧ་ཅང་དགའ་པོ་བྱུང་ལ་དགོང་མོ་གཉིད་ཀྱང་ཁུག་མ་བྱུང”ལས་རོགས་ཉེན་རྟོག་པའི་དཔུང་ཁག་ནང་ཞུགས་མ་ཐག་པའི་སྐོར་གླེང་སྐབས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སྤྱི་བདེ་ཅུས་ཀྲེ་ཅང་ལམ་དུས་བདེ་ཁྲོམ་རའི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ལས་རོགས་ཉེན་རྟོག་པ་སྐལ་བཟང་གྲགས་པར་སྔར་བཞིན་སེམས་འགུལ་ཆེན་པོ་ཐེབས་ཀྱི་ཡོད།
ཉེན་རྟོག་པ་བྱས་པའི་ལོ་བཅུའི་རིང་ལྷག་བསམ་ཟོལ་མེད་ཀྱིས་འགན་འཁྲི་དང་དུ་ལེན་པ་དང་། སྤྱིར་བཏང་གི་ལས་གནས་ཐོག་ལང་ཚོ་སྐྱེས་སུ་ཕུལ་ནས་ཉེན་རྟོག་པའི་བླ་སྲོག་བཏོད་ཅིང་། བདེ་འཇགས་སྲུང་སྐྱོང་གི་ལས་འགན་སྒྲུབ་རིང་རང་དོར་གཞན་སྐྱོབ་དང་གཟི་བརྗིད་ངང་རྨས་མ་སྐྱོབ་པའི་དཔའ་ངར་ཆེ་བའི་རྣམ་པ་ནས་སེམས་རྩ་འཁོལ་པོས་འགྲོ་འོང་བྱེད་མཁན་ཡུལ་སྐོར་བར་རོགས་རམ་དང་མང་ཚོགས་ཀྱི་དཀའ་ངལ་སེལ་རོགས་བྱེད་པའི་བར་དང་། དེ་ནས་གཞི་རིམ་དུ་གྲོང་ཚོར་བཅའ་སྡོད་བྱེད་རིང་མང་ཚོགས་དང་སེམས་པ་གཅིག་མཐུན་ཡོང་བ་བྱེད་པ་དང་དབུལ་སྒྲོལ་ལ་རོགས་རམ་བྱེད་པའི་བརྩེ་སེམས་ཟབ་མོ་བཅངས་ནས་ལེགས་སྐྱེས་ཕུལ་བའི་བར། སྐལ་བཟང་གྲགས་པའི་ལོ་བཅུའི་རིང་གི་ཉེན་རྟོག་པའི་ལམ་བུ་དེ་ནི་དགའ་ཞེན་ནས་འགོ་བཙུགས་པ་དང་། ལས་འགན་སྒྲུབ་རིང་ལེགས་སྐྱེས་འབུལ་བར་གཞོལ་བ། དེ་ནས་ཐོག་མཐའ་བར་གསུམ་དུ་རང་འཁྲིའི་ལས་གནས་ལ་གཞི་ཚུགས་ཏེ་ཏང་དང་མི་དམངས་ལ་བློ་དཀར་སེམས་དཀར་བྱ་རྒྱུ་དེ་སེམས་ལ་བཅངས་ནས་བྱ་སྤྱོད་ཐོག་དོན་འཁྱོལ་བྱས་པ་དང་། འགན་ཁུར་ཕོད་པ་དང་དཔའ་ངར་ཆེན་པོས་ཉེན་རྟོག་པའི་བླ་སྲོག་བཏོད་པ་བཅས་ལས་མིག་དཔེའི་སྟོབས་ཤུགས་མངོན་ཡོད་ལ། དུས་རབས་གསར་པའི་རང་ལྗོངས་ཀྱི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པས་འགན་འཁྲི་འཁུར་ཕོད་པ་དང་འབད་འབུངས་ཡར་བརྩོན་བྱེད་པའི་དཔའ་ཉམས་དང་བསམ་པའི་ཉམས་འགྱུར་བཟང་པོའང་གསོན་ཉམས་དོད་པོས་མངོན་ཡོད།
དཔའ་ངར་ཞུམ་མེད་ཀྱིས་གཞན་གྱི་སྲོག་བསྐྱབས་པ།
2018ལོའི་ཟླ་12ཚེས་23ཉིན་ཏེ། འབྲོག་ལས་ཐོན་རྫས་ཚོང་འདུས་ཀྱི་མཐའ་མའི་ཉིན་མོའི་ཆུ་ཚོད་16ཙམ་ལ་ནག་ཆུ་གྲོང་རྡལ་ས་མཐོའི་ལམ་དབྱར་རྩྭ་དགུན་འབུ་ཁྲོམ་རའི་རྒྱལ་སྒོའི་མདུན་དུ་འགྲོ་འོང་བྱེད་མཁན་མི་སྣ་དང་རླངས་འཁོར་ཤིན་ཏུ་མང་པོ་ཡོད་ཅིང་། སྐལ་བཟང་གྲགས་པ་དང་ལས་རོགས་ཚོས་སྔར་རྒྱུན་བཞིན་བདེ་སྲུང་ལས་འགན་བསྒྲུབས་ཏེ་འགྲོ་འོང་གི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱས་ནས་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཐོན་རྒྱུར་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་བྱེད་བཞིན་ཡོད།
སྐབས་དེ་དུས་དབྱར་རྩྭ་དགུན་འབུ་ཁྲོམ་རའི་རྒྱལ་སྒོའི་ཉེ་འགྲམ་དུ་འཁོར་བཞིའི་གློག་སྒུལ་རླངས་འཁོར་ཞིག་དེ་གར་ཁ་བཀག་ནས་མར་དབོར་རྩིས་བྱེད་བཞིན་ཡོད་པ་དང་། ཐག་མི་རིང་བའི་སར་ལོ་དྲུག་བདུན་ལ་སླེབས་པའི་བུ་མོ་ཆུང་ཆུང་ཞིག་སྒོ་ཁར་གཅིག་པུར་རྩེད་མོ་རྩེ་བཞིན་ཡོད། སྐལ་བཟང་གྲགས་པའི་མིག་ལམ་དུ་དེ་དག་ཚང་མ་རྒྱུན་གཏན་གྱི་རྣམ་པ་ཡིན།
བསམ་ཡུལ་ལས་འདས་པར་གློག་སྒུལ་རླངས་འཁོར་དེའི་ཁ་ལོ་བས་རླངས་འཁོར་ནས་བབས་ཏེ་ཅ་ལག་ལེན་རྩིས་བྱེད་སྐབས་ཁ་ལོ་བའི་གཡས་ཀྱི་རྐུབ་སྟེགས་ཐོག་བཞག་པའི་ཚ་དམ་སྣུམ་ཟྭའི་ཐོག་ཟགས་ཏེ་རླངས་འཁོར་དེ་དབྱར་རྩྭ་དགུན་འབུ་ཁྲོམ་རའི་ནང་ཁ་ཤོར། བུ་མོ་ཆུང་ཆུང་དེ་ཉེན་ཁའི་མཚམས་སུ་ལུས་པ་དང་། སྐལ་བཟང་གྲགས་པས་བསམ་བློ་གང་ཡང་མ་བཏང་བར་མགྱོགས་མྱུར་མདུན་དུ་བསྐྱོད་ནས་བུ་མོ་ཆུང་ཆུང་དེ་བདེ་འཇགས་ཁུལ་དུ་འཐེན།
ཉེན་ཁ་གཅིག་སེལ་མ་ཐག་ཡང་བསྐྱར་ཉེན་ཁ་གཞན་ཞིག་འཕྲད་ཅིང་། སྐལ་བཟང་གྲགས་པས་བུ་མོ་ཆུང་ཆུང་དེ་འཐེན་སྐབས་ཁ་སྤྲོད་ནས་བགྲེས་སོང་ཞིག་དབྱར་རྩྭ་དགུན་འབུ་ཁྲོམ་རའི་སྒོ་འགྲམ་གྱི་རྒྱ་ལམ་འཕྲེད་བཅད་གཏོང་བཞིན་ཡོད་པས། གློག་སྒུལ་རླངས་འཁོར་དེ་རང་ཉིད་ཀྱི་ཕྱོགས་སུ་རྒྱུག་ཡོང་བར་དོ་སྣང་བྱུང་མེད། ཉེན་ཁའི་མཚམས་དེར་སྐལ་བཟང་གྲགས་པས་མྱུར་དུ་རྒན་རྒོན་ལ་འབུད་རྒྱག་བརྒྱབ་ཐུབ་ཀྱང་རང་ཉིད་གཡོལ་མ་ཐུབ་པར་གློག་སྒུལ་རླངས་འཁོར་གྱིས་བརྡུངས་ནས་རླངས་འཁོར་གྱི་འོག་ཏུ་ཚུད།
“དང་ཐོག་རླངས་འཁོར་གྱིས་ངའི་གྲོད་པར་བརྡུངས་བྱུང་། དེ་རྗེས་རླངས་འཁོར་གྱི་འཁོར་ལོས་ངའི་ཕྲག་པ་གཡོན་མ་དང་སྐེ་བརྫིས་བྱུང་། སྟབས་ལེགས་པ་ཞིག་ལ་ངས་མདེལ་འགོག་སྟོད་གོས་མཐུག་པོ་ཞིག་གྱོན་ཡོད། གནས་ཚུལ་དེ་གློ་བུར་དུ་ཐོན་པས་སྐབས་དེ་དུས་ངའི་སེམས་ནང་བུ་མོ་ཆུང་ཆུང་དང་རྒན་རྒོན་ཉེན་ཁ་ལས་ཐར་ན་འགྲིག་སོང་སྙམ་བྱུང”ཞེས་སྐལ་བཟང་གྲགས་པས་ཕྱིར་དྲན་བྱེད་བཞིན་བཤད།
“སྐབས་དེ་དུས་ང་རང་སྣང་དག་མི་འདུག འོན་ཀྱང་ཉིན་གཉིས་པར་མལ་ལས་ལངས་ཐུབ་ཀྱི་མི་འདུག བརྟག་དཔྱད་བྱས་པ་བརྒྱུད་ངའི་མཇུག་རུས་ཆག་འདུག ད་ཆ་བསྡད་དྲགས་ན་མཇུག་རུས་ལ་ད་དུང་ཡང་ན་ཟུག་གཏོང་གི་འདུག”ཅེས་སྐལ་བཟང་གྲགས་པས་བཤད།
རུས་པ་ཆག་ན་ཉིན་བརྒྱ་གསོ་དགོས་ཟེར་སྲོལ་ཡོད་མོད། སྨན་ཁང་དུ་བསྡད་ནས་ཉིན་40ལྷག་ཙམ་ཡང་མ་སོང་བར་སྐལ་བཟང་གྲགས་པས་ལས་ཁུངས་དང་ནང་མིའི་ངོ་རྒོལ་ལ་མི་བལྟོས་པར་བྲེལ་འཚུབ་ངང་སྨན་ཁང་ནས་དོན་ཏེ་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་མུ་མཐུད་ཉེན་དོན་ལས་དོན་ལ་ཞུགས་རྒྱུའི་ཐག་བཅད། ཁོང་གིས“རྨས་སྐྱོན་དེ་མི་དམངས་ཉེན་རྟོག་པའི་ངོས་ནས་བརྗོད་ན་གང་ཡང་མ་རེད། མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་འགན་ལེན་ཐུབ་ཚེ་རྨས་སྐྱོན་ཆེན་པོ་ག་ཚོད་ཕོག་ཀྱང་ང་རང་སྐྲག་པ་མི་འདུག”ཅེས་བཤད།
བརྩེ་སེམས་བཅངས་ནས་མི་དམངས་ལ་ལེགས་སྐྱེས་ཕུལ་བ།
ལང་ཚོར་བརྟེན་ནས་ལྷག་བསམ་རྣམ་དག་བྱས། འབད་འཐབ་ལ་བརྟེན་ཐོག་མའི་བསམ་འདུན་མངོན། མི་དམངས་ཉེན་རྟོག་པས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་སེམས་ནུས་ཡོད་རྒུ་བཏོན་ནས་མང་ཚོགས་ལ་བྱ་བ་བཟང་པོ་བསྒྲུབས་ཚེ་གཞི་ནས་མི་ཚེའི་རིན་ཐང་མངོན་དུ་འགྱུར་ཐུབ་པ་དང་གཞི་ནས་མང་ཚོགས་ཀྱི་ཡིད་ཆེས་ལ་ངོ་གནོངས་མི་དགོས་པ་སྐལ་བཟང་གྲགས་པས་གསལ་པོ་ཤེས་ཀྱི་ཡོད།
2017ལོར་སྐལ་བཟང་གྲགས་པས་གསེར་རྙེད་ཆུས་ཉི་མ་ཤང་གི་གྲོང་ཚོ་དང་པོར་དུས་ཡུན་ལོ་གཅིག་གི་གྲོང་སྡོད་ལས་དོན་སྤེལ་བ་རེད། གྲོང་ཚོར་བཅའ་སྡོད་བྱེད་རིང་ཁོང་དང་ལས་རོགས་ཚོ་མཉམ་དུ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་མང་ཚོགས་ཀྱི་དགོས་མཁོ་དང་རེ་སྒུག་ཤེས་རྟོགས་བྱས་ཤིང་། དུད་ཚང་དབུལ་པོ་པ་སངས་ཀྱི་ཁྱིམ་དུ་རྒྱུན་དུ་ཆར་ཐིགས་རྒྱག་གི་ཡོད་པ་ཤེས་རྗེས་སྐལ་བཟང་གྲགས་པ་དང་རུ་མི་ཚོས་པ་སངས་ཀྱི་སྡོད་ཁང་གནས་ཚུལ་ལ་སེམས་ཁྲལ་ཆེན་པོ་བྱེད་པ་མ་ཟད། གནས་ཚུལ་དེ་སེམས་ལ་བརྟན་པོར་བཞག་ཡོད།
སྐལ་བཟང་གྲགས་པ་དང་རུ་མི་ཚོས་གྲོས་བསྡུར་བྱས་པ་བརྒྱུད་པ་སངས་ལ་ཁང་པ་གསར་པ་རྒྱག་རྒྱུའི་ཐག་བཅད། དེ་ནས་ཁང་པ་རྒྱག་པའི་དངུལ་དེ་རུ་མི་ཚོ་རང་ཉིད་ཀྱིས་བཏོན་པ་མ་ཟད། གྲོང་ཚོའི་ཏང་ཡོན་ལས་བྱེད་པར་ཞལ་འདེབས་རྒྱག་རྒྱུའི་འབོད་སྐུལ་བྱས་པ་དང་། གྲོང་སྡོད་རུ་མི་དང་གྲོང་ཚོའི་ལས་བྱེད་པ་དང་མང་ཚོགས་ཚང་མ་ངལ་རྩོལ་ནང་ཞུགས་པ་རེད།
དེ་ལྟར། སྐལ་བཟང་གྲགས་པས་ཚང་མ་དང་མཉམ་དུ་ཟླ་གཉིས་ལྷག་ཙམ་རིང་ས་ཕག་དབོར་བ་དང་། རྩོག་རྨང་འདྲུ་བ། གྱང་སློང་བ་སོགས་བྱས་རྗེས་གཞི་ནས་ཁང་པ་གསར་པ་ཞིག་གྲུབ། དེ་རྗེས་སླར་ཡང་ཐབ་དང་ནང་ཆས་སོགས་ཉོས་ནས་ཁང་པ་གསར་པར་བསྡད་ཆོག་ཆོག་བཟོས་པས། པ་སངས་ཀྱིས་གྲོང་སྡོད་རུ་མིའི་ལག་པ་ནས་འཇུས་ཏེ་སེམས་འགུལ་ཐེབས་བཞིན་མིག་ཟུང་མཆི་མས་བརླན།
གྲོང་ཚོར་ད་དུང་འགན་ལེན་ལྔའི་རྒན་རྒོན་དུད་ཚང་ཁ་ཤས་ཡོད་པར་སྐལ་བཟང་གྲགས་པས་རྒྱུན་དུ་བལྟ་བར་འགྲོ་གི་ཡོད། ནག་ཆུ་གྲོང་རྡལ་ལ་གཞུང་ལས་སྒྲུབ་པར་ཕྱིན་ནས་ལོག་ཡོང་རིམ་བཞིན་ཁོང་གིས་སྔོ་ཚལ་དང་། ཤིང་འབྲས། རྩམ་པ་སོགས་ཉོས་ནས་རྒན་རྒོན་ཚོའི་ཁྱིམ་དུ་སྐྱེལ་བ་མ་ཟད། ད་དུང་ཅི་འཕྲོས་མོལ་འཕྲོས་བཤད་ནས་རྒན་རྒོན་ཚོར་སེམས་ཁུར་དང་དྲོ་སྐྱིད་ཟབ་མོ་སྦྱིན་གྱི་ཡོད།
“རྒན་གཅེས་རྒན་བཀུར་ནི་ང་ཚོ་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་ཞིག་རེད། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ནི་རང་རེའི་ཏང་གི་རྩ་བའི་དམིགས་ཡུལ་ཡིན། སྤྱི་དང་མི་སྒེར་གང་གི་ངོས་ནས་བརྗོད་རུང་ང་ཚོས་སྤྲོ་བ་ཆེན་པོས་མི་གཞན་ལ་རོགས་རམ་བྱེད་དགོས”ཞེས་སྐལ་བཟང་གྲགས་པས་བཤད།
གྲོང་ཚོར་བཅའ་སྡོད་བྱེད་རིང་ལས་ཀའི་གྲུབ་འབྲས་མངོན་གསལ་དོད་པོ་ཡོད་སྟབས། སྐལ་བཟང་གྲགས་པར་ནག་ཆུ་གྲོང་ཁྱེར་གྱི་ལོ་འཁོར་གྱི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་སྔོན་ཐོན་གྲོང་སྡོད་ལས་དོན་རུ་མིའི་མཚན་སྙན་ཐོབ་པ་མ་ཟད། ཁོང་གནས་སའི་ལས་དོན་རུ་ཁག་ཀྱང་རྫོང་དང་ཆུས་ཀྱི་གྲོང་སྡོད་སྔོན་ཐོན་ལས་དོན་རུ་ཁག་ལ་བདམས་པ་རེད།
སྤྱིར་བཏང་གི་ལས་གནས་ཐོག་ལྷག་བསམ་རྣམ་དག་གིས་དམངས་ཕན་ལས་ལ་གཞོལ་བ།
སྐལ་བཟང་གྲགས་པས“ང་ཚོའི་ལས་ཀ་མང་ཆེ་བ་དོན་དག་ཆུང་ཆུང་སྒྲུབ་རྒྱུ་ཤ་སྟག་རེད། འོན་ཀྱང་དོན་དག་ཆུང་ཆུང་དེ་དག་གིས་ཏག་ཏག་མང་ཚོགས་ལ་སེམས་ནད་ཆེན་པོ་བཟོ་གི་ཡོད། དེར་བརྟེན་ངས་བློ་གཅིག་སེམས་གཅིག་གིས་དོན་དག་ཆུང་ཙག་དེ་དག་ཐག་གཅོད་ཡག་པོ་བྱ་རྒྱུ་ནི་གལ་འགངས་ཆེན་པོ་ཞིག་ལ་བརྩི་ཡི་ཡོད”ཅེས་བཤད།
དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ནི་སྡེ་ཁུལ་གྱི་མི་དམངས་ཉེན་རྟོག་པས་བདེ་འཇགས་དོགས་ཟོན་དང་། མང་ཚོགས་ཀྱི་ལས་དོན་སྒྲུབ་པ། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདུན་པ་ཁོང་དུ་ཆུད་པ་སོགས་ཀྱི་ལས་དོན་སྤེལ་སའི་ཆེས་གཞི་རིམ་གྱི་ས་ཆ་ཞིག་ཡིན་ལ། མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་འཐབ་ས་མདུན་ཤོས་ཀྱང་ཡིན། ཀྲེ་ཅང་ལམ་དུས་བདེ་ཁྲོམ་རའི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ནག་ཆུ་གྲོང་རྡལ་གྱི་ལམ་བཞི་མདོ་ཆེ་ཤོས་ཤིག་ཏུ་གནས་པ་དང་། ཟངས་གཡག་ཐང་ཆེན་དུ་མི་ཚོགས་སྟུག་ལ་ཉེ་འཁོར་དུ་ཚོང་དུད་ཀྱང་མང་པོ་ཡོད། རྒྱུན་གཏན་སྐོར་གཡེང་བྱེད་སྐབས་མང་ཚོགས་ཀྱི་རོགས་སྐྱོར་རེ་ཞུ་འབྱོར་ཕྱིན་སྐལ་བཟང་གྲགས་པས་ལས་རོགས་ཚོ་དང་མཉམ་དུ་འཕྲལ་མར་རོགས་སྐྱོར་བྱེད་ཀྱི་ཡོད།
འདི་ལོའི་ཟླ་9པའི་ཉིན་ཞིག ཚོང་དུད་སུའུ་ནའེ་པི་ཡི་གསར་དུ་ཉོས་པའི་རྐང་འཁོར་གཉིས་རྐུ་ཤོར་ནས་ཉིན་དེའི་ཕྱི་དྲོ་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་ཉེས་དོན་སྙན་སེང་ཞུ་བར་ཡོང་། སྐལ་བཟང་གྲགས་པས་དེ་དོན་ཤེས་འཕྲལ་ལྡིར་སོ་སྤྲོས་ཆས་ལ་བལྟས་ནས་ས་ཚིགས་ཀྱི་ཁོངས་མི་དང་མཉམ་དུ་བོགས་གཏོང་ཁང་པར་སྐོར་ཞིབ་བྱས། མཐར་དེ་ཉིན་དགོང་མོའི་ཆུ་ཚོད་9པར་རྐང་འཁོར་རྙེད་པ་མ་ཟད་ཉེས་གསོག་དོགས་ཅན་ཡང་བཟུང་བ་རེད།
སྐལ་བཟང་གྲགས་པའི་རྐང་འཁོར་རྙེད་པའི་ཁ་པར་འབྱོར་རྗེས་སུའུ་ནའེ་པིར་སེམས་འགུལ་དང་ཧང་སངས་ཅིག་ཅར་བྱུང་ཞིང་། སེམས་འགུལ་ཐེབས་དོན་ནི་སྐལ་བཟང་གྲགས་པས་མང་ཚོགས་ཀྱི་དོན་དག་ཆུང་ཙག་ཀྱང་དུས་དང་རྣམ་པ་ཀུན་ཏུ་སེམས་ལ་བརྟན་པོར་ངེས་པ་དེ་ཡིན་པ་དང་། ཧང་སངས་དོན་ནི་སྐལ་བཟང་གྲགས་པའི་ལས་ཕྱོད་ཆེན་པོ་ཡོད་པས་རེད། “གྱོད་སྒྲུབ་མྱུར་པོ། བློ་རིག་སྐྱེན་པོ”ཞེས་པ་དེ་ནི་སུའུ་ནའེ་པི་ཡིས་གྱོད་སྒྲུབ་ཉེན་རྟོག་པ་སྐལ་བཟང་གྲགས་པ་དང་བསྟན་འཛིན་ཆོས་གྲགས་ལ་གོས་དར་འབུལ་སྐབས་ཡིད་གཏིང་ནས་འཆོར་བའི་སྙིང་གཏམ་རེད།
དོན་དག་ཆུང་ཙག་དེར་རང་དོར་གཞན་སྐྱོབ་ཀྱི་ཧ་ལས་ཧང་སངས་དགོས་པའི་ཆ་གང་ཡང་མེད་མོད། འོན་ཀྱང་ཁོང་གིས་གཞན་ཕན་གྱི་ལྷག་བསམ་འབའ་ཞིག་ལ་བརྟེན་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམ་བཅའ་བརྟན་པོ་ལག་ལེན་བསྟར་ཏེ། དུས་རབས་གསར་པའི་སྤྱི་བདེའི་ལས་རོགས་ཉེན་རྟོག་པའི་ཉམས་འགྱུར་བཟང་པོ་མངོན་པར་བྱེད་བཞིན་ཡོད།