དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་མཛའ་མཐུན་དང་། ལྷག་བསམ། ཕན་འདོགས། བསྟུན་མཁས་ཀྱི་མཐའ་འཁོར་ཕྱི་འབྲེལ་འདུ་ཤེས་བཏོན་ནས་ལོ་10འཁོར་བར་དྲན་གསོ་ཞུ་བའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུར་ཡིག་ཐོག་ནས་ཤིས་ཚིག་བསྒྲོན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-10-26

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛའ་མཐུན་དང་། ལྷག་བསམ། ཕན་འདོགས། བསྟུན་མཁས་བཅས་ཀྱི་མཐའ་འཁོར་ཕྱི་འབྲེལ་འདུ་ཤེས་བཏོན་ནས་ལོ་10འཁོར་བར་དྲན་གསོ་ཞུ་བའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུར་ཡིག་ཐོག་ནས་ཤིས་ཚིག་བསྒྲོན་པ་རེད།

    ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་མཐའ་འཁོར་གྱི་ཕྱི་འབྲེལ་གྱི་གཞི་རྩའི་བྱེད་ཕྱོགས་ནི་ཁྱིམ་མཚེས་རྒྱལ་ཁབ་ལ་མཛའ་མཐུན་དང་ཁྱིམ་མཚེས་རྒྱལ་ཁབ་རོགས་ཟླར་བརྩི་རྒྱུ་མཐའ་འཁྱོངས་དང་། ཁྱིམ་མཚེས་རྒྱལ་ཁབ་འཆམ་མཐུན་དང་། ཁྱིམ་མཚེས་རྒྱལ་ཁབ་བདེ་འཇགས། ཁྱིམ་མཚེས་རྒྱལ་ཁབ་འབྱོར་ཕྱུག་ཡོང་བ་བཅས་མཐའ་འཁྱོངས་བྱས་ནས་མཛའ་མཐུན་དང་། ལྷག་བསམ། ཕན་འདོགས། བསྟུན་མཁས་བཅས་ཀྱི་འདུ་ཤེས་མངོན་གསལ་དོད་པོས་མཚོན་པར་བྱེད་པ་དེ་རེད། ལོ་10ཡི་རིང་ཀྲུང་གོས་མཛའ་མཐུན་དང་། ལྷག་བསམ། ཕན་འདོགས། བསྟུན་མཁས་བཅས་ཀྱི་འདུ་ཤེས་ལག་ལེན་ཧུར་ཐག་བསྟར་ནས་མཐའ་འཁོར་རྒྱལ་ཁབ་དང་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་བཏང་བས་ཕྱོགས་གཉིས་པོའི་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་ཁེ་ཕན་མཉམ་འདྲེས་རྒྱུན་མཐུད་ཟབ་ཏུ་ཕྱིན་ནས་ཁྱིམ་མཚེས་རྒྱལ་ཁབ་མཛའ་མཐུན་དང་མཉམ་ལས་གཉིས་ཕན་གྱི་འོད་སྟོང་འཕྲོ་བའི་ལམ་ཆེན་དུ་བསྐྱོད་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དུས་རབས་གསར་པའི་རྒྱབ་ལྗོངས་འོག་ང་ཚོས་མཛའ་མཐུན་དང་། ལྷག་བསམ། ཕན་འདོགས། བསྟུན་མཁས་བཅས་ཀྱི་འདུ་ཤེས་ལ་ནང་དོན་གསར་པ་བསྣན་ཏེ་ཞི་བདེ་དང་། མཉམ་ལས། བསྟུན་མཁས། མཉམ་འདྲེས་བཅས་ལྟེ་བར་བྱེད་པའི་ཨེ་ཤེ་ཡའི་རིན་ཐང་ལྟ་བ་དར་སྤེལ་བཏང་ནས་ས་ཁུལ་གྱི་མཐུན་སྒྲིལ་དང་། སྒོ་དབྱེ། ཡར་ཐོན་བཅས་ལ་རམ་འདེགས་གསར་པ་བྱེད་ཀྱི་ཡིན། ང་ཚོས་མཛའ་མཐུན་དང་། ལྷག་བསམ། ཕན་འདོགས། བསྟུན་མཁས་བཅས་ཀྱི་འདུ་ཤེས་ལ་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་མཐའ་འཁོར་ལ་ཕན་པ་དེ་བས་མང་བ་བཏགས་ནས་ཨེ་ཤེ་ཡའི་དེང་རབས་ཅན་གྱི་འཕེལ་རིམ་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ། ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མཐའ་འཁོར་གྱི་ཁོར་ཡུག་བཟང་པོ་ཕན་ཚུན་སྐུལ་འདེད་དང་ཆར་པ་ཆུ་གྲོགས་ནང་བཞིན་ཡོང་བ་བྱེད་ཀྱི་ཡིན། ཀྲུང་གོས་མཛའ་མཐུན་དང་། ལྷག་བསམ། ཕན་འདོགས། བསྟུན་མཁས་བཅས་ཀྱི་འདུ་ཤེས་མུ་མཐུད་ལག་ལེན་བསྟར་ནས་ས་ཁུལ་དང་རྒྱལ་ཁབ་དང་མཉམ་དུ་ཞི་བདེ་ལྷིང་འཇགས་དང་། དར་རྒྱས་མཛེས་སྡུག མཛའ་གྲོགས་མཉམ་གནས་བཅས་ཀྱི་ཨེ་ཤེ་ཡའི་ཁྱིམ་གཞིས་བསྐྲུན་ཏེ་ཨེ་ཤེ་ཡའི་ལས་དབང་གཅིག་མཐུན་འདུས་གྲུབ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་བའི་ལེའུ་གསར་པ་ཐུན་མོང་ཐོག་རྩོམ་གྱི་ཡིན།

    མཛའ་མཐུན་དང་། ལྷག་བསམ། ཕན་འདོགས། བསྟུན་མཁས་བཅས་ཀྱི་མཐའ་འཁོར་ཕྱི་འབྲེལ་འདུ་ཤེས་བཏོན་ནས་ལོ་10འཁོར་བར་དྲན་གསོ་ཞུ་བའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་དེ་ཉིན་པེ་ཅིང་དུ་འཚོགས་ཤིང་། བརྗོད་དོན་གཙོ་བོ་ནི“མཛའ་མཐུན་དང་། ལྷག་བསམ། ཕན་འདོགས། བསྟུན་མཁས་བཅས་བྱེད་པའི་ནང་དོན་གསར་པ་དང་། འཕེལ་རྒྱས་གསར་པ། མདུན་ལམ་གསར་པ”ཞེས་པ་ཡིན་པ་དང་། ཀྲུང་དབྱང་ཕྱི་ཕྱོགས་གཞུང་ལས་ཁང་དང་ཕྱི་འབྲེལ་པུས་མཉམ་དུ་གཉེར་བ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།