རྒྱལ་ཁབ་60ལྷག་ཙམ་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དྲུག་པའི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་འགྲེམས་སྟོན་ལ་ཞུགས་རྒྱུ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་ཟླ་10ཚེས་18ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཚེས་18ཉིན་འཚོགས་པའི་2023ལོའི་ནང་འདྲེན་དངོས་མང་སྟོན་ཚོགས་ཧྲང་ཧའེ་མ་འཇོག་སྐུལ་སྤེལ་སྤེལ་རེས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་60ལྷག་ཙམ་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དྲུག་པའི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་འགྲེམས་སྟོན་ལ་ཞུགས་རྒྱུ་གཏན་འཁེལ་བྱས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ས་གནས་ས་ཐོག་ཏུ་འགྲེམས་སྟོན་དང་མཉམ་འགུལ་ཉམས་ལེན་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད་རྒྱལ་ཁབ་ཁག་གི་ཚན་རྩལ་གསར་གཏོད་དང་། ལེགས་ཆའི་ཐོན་ལས། མ་འཇོག་ཁོར་ཡུག་སོགས་ཁྱབ་ཁོངས་ཀྱི་ངོ་མཚར་ཆེ་བའི་ནང་དོན་བར་ཐག་ཉེ་ས་ནས་མངོན་རྒྱུ་རེད། ཀྲུང་གོའི་འགྲེམས་ཁང་གི་འགྲེམས་སྟོན་རྒྱ་ཁྱོན་དེ་སྔའི་སྨི་ངོས་གྲུ་1500ནས་སྨི་ངོས་གྲུ་2500བར་ཆེ་རུ་ཕྱིན་ཏེ་སྐབས་རིམ་བྱུང་གི་གཞི་ཁྱོན་ཆེ་ཤོས་སུ་སླེབས་ནས་ཀྲུང་གོས་ཆུ་ཚད་མཐོ་བའི་སྒོ་དབྱེ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་གསར་ཤོས་གཙོ་གནད་ཐོག་འགྲེམས་སྟོན་བྱེད་རྒྱུ་རེད།
ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དྲུག་པའི་ཁེ་ལས་ཀྱི་ཚོང་ལས་འགྲེམས་སྟོན་ལ་འགྲེམས་ཁུལ་ཆེ་གྲས་ཁག་དྲུག་བཀོད་སྒྲིག་བྱས་པ་སྟེ། བཟའ་བཅའ་དང་དེ་བཞིན་ཞིང་ལས་ཐོན་རྫས་དང་། རླངས་འཁོར། ལག་རྩལ་སྒྲིག་ཆས། འཛད་རྫས། སྨན་བཅོས་ཡོ་བྱད་དང་། སྨན་རྫས་བདེ་སྲུང་། ཞབས་ཞུའི་ཚོང་དོན་བཅས་རེད། མིག་སྔར་རྒྱལ་ཁབ་120ལྷག་ཙམ་གྱི་ཁེ་ལས་3000ལྷག་ཙམ་འགྲེམས་སྟོན་ལ་ཞུགས་རྒྱུ་གཏན་འཁེལ་བྱས་པ་དང་འགྲེམས་སྟོན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་36ལྷག་ཙམ་ཟིན་ཡོད་པ་རེད།
མིག་སྔར་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་དང་དེ་བཞིན་འབྲེལ་ཡོད་པུའུ་ཨུད་ཁག་གིས་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དྲུག་པར་དམིགས་ནས་སྲིད་གཞུང་གི་ཉོ་ཚོང་ཚོགས་པ་ཁག་39དང་ཡན་ལག་ཚོགས་པ་ཁག་600ཙམ་བཙུགས་པ་དང་། ཚོགས་པ་ཁག་གིས་ས་ཁོངས་ཀྱི་ཁྱད་ཆོས་དང་ཐོན་ལས་ཀྱི་ལེགས་ཆ་སོགས་ཀྱི་རྒྱུ་རྐྱེན་དང་ཟུང་འབྲེལ་བྱས་ཏེ། ཉོ་སྒྲུབ་དང་ཚོང་འགུགས་ལས་དོན་གྱི་དམིགས་ཚད་ཞིབ་ཚགས་སུ་བཏང་བ་རེད།
ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དྲུག་པ་ཟླ་11ཚེས་5ཉིན་ནས་ཚེས་10ཉིན་བར་ཧྲང་ཧའེ་རུ་འཚོག་རྒྱུ་ཡིན་པ་རེད།