“ལྟེ་བའི་རིན་ཐང་ལྟ་བའི་འཆད་སྟེགས་ཐེངས་བརྒྱའི”བྱེད་སྒོ་ཐེངས་133པ་གཉེར་བ།
གནའ་དཔེ་ཉར་ཚགས་དང་སྲུང་སྐྱོང་སྐོར་སྒྲོག་འགྲེལ་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དྲིལ་བསྒྲགས་སློབ་གསོ་ཅུས་དང་འོད་ཟེར་ཉིན་རེའི་ཚགས་པར་ཁང་གིས་མཉམ་དུ་གཙོ་གཉེར་བྱས་པའི“ལྟེ་བའི་རིན་ཐང་ལྟ་བའི་འཆད་སྟེགས་ཐེངས་བརྒྱའི”བྱེད་སྒོ་ཐེངས་133པ་རྒྱལ་ཁབ་དཔེ་མཛོད་ཁང་དུ་གཉེར་ཞིང་། རྒྱལ་ཁབ་དཔེ་མཛོད་ཁང་གི་རྒྱུན་ལས་ཀོན་ཀྲང་གཞོན་པ་དང་རྒྱལ་ཁབ་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཀྲང་ཀྲི་ཆིང་གིས་འགོ་བརྗོད་དུ《བསྟན་བཅོས་ཉར་ཚགས་བྱེད། རྒྱུན་འཛིན་ལེའུ་གསར་རྩོམ》ཞེས་འཁོད་པའི་གཏམ་བཤད་བྱས་པ་རེད།
ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱེད་པ་དང་། རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། “ལྟེ་བའི་རིན་ཐང་ལྟ་བའི་འཆད་སྟེགས་ཐེངས་བརྒྱ”ཡིས་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོར་དམིགས་ཏེ་སྒྲོག་འགྲེལ་རབ་དང་རིམ་པ་ཇུས་འགོད་བྱས་ཤིང་། ད་ཐེངས་ཀྱི་བྱེད་སྒོ་ནི་དེའི་ཁྲོད་ཀྱི་ཐེངས་དྲུག་པ་དེ་རེད།
ཀྲང་ཀྲི་ཆིང་གིས་གནའ་དཔེའི་གོ་དོན་དང་། རིགས་དབྱེ། ལོ་རྒྱུས་ཀྱི་འབྱུང་ཁུངས་བཅས་ནས་འགོ་བཙུགས་ཏེ་གནའ་དཔེའི་རིག་གནས་བརྒྱུད་རིམ་ལྡན་པའི་ངང་གླེང་བ་དང་འབྲེལ། གནའ་དཔེ་སྲུང་སྐྱོང་དང་རྒྱུན་འཛིན་བེད་སྤྱོད་ཐད་ཏང་དང་རྒྱལ་ཁབ་ཀྱིས་བསྒྲུབས་པའི་ལས་དོན་འབོར་ཆེན་ངོ་སྤྲོད་ཞིབ་ཕྲ་བྱས་པ་རེད། ཁོང་གིས་གནའ་དཔེ་སྲུང་སྐྱོང་གི་ལས་དོན་ལ་ཆེད་ལས་རང་བཞིན་ཆེན་པོ་ལྡན་མོད། འོན་ཀྱང་གནའ་དཔེ་སྲུང་སྐྱོང་གི་བྱ་གཞག་དེ་དམངས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པས་ལོ་ངོ་སྟོང་ཕྲག་རིང་དཔེ་རྒྱུན་མ་ཉམས་པའི་གནའ་དཔེ་དག་དམངས་ཀྱི་རྒྱུན་གཏན་འཚོ་བའི་ཁྲོད་ཁྱབ་པར་བྱེད་དགོས་པའི་ངོས་འཛིན་གནང་བ་རེད།
ཀྲང་ཀྲི་ཆིང་གིས་ཀྲུང་ཧྭའི་རིག་གནས་ཀྱི་བསྟན་བཅོས་ཤུལ་བཞག་ཁྱོན་ཡོངས་ནས་སྲུང་སྐྱོང་དང་། སྔོག་འདོན་གཏིང་ཟབ། ལུགས་མཐུན་བེད་སྤྱོད་བཅས་བྱེད་པའི་གོ་སྐབས་ཡག་པོ་ཡོད་ལ་དུས་ཚོད་ཀྱང་གཏུགས་པོ་ཡོད། གནའ་དཔེར་སྲུང་སྐྱོང་དང་ཞིབ་འཇུག་དང་བེད་སྤྱོད་གཏོང་ཤུགས་ཆེ་རུ་གཏོང་བར་གནའ་དཔེ་ཡོངས་བཤེར་ཐོ་འགོད་དང་། སྲུང་སྐྱོང་ཉམས་གསོ། གྲངས་གཞི་ཅན་གྱི་འཛུགས་སྐྱོང་། ལེགས་སྒྲིག་དཔེ་སྐྲུན། དྲིལ་བསྒྲགས་ཁྱབ་གདལ་སོགས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས་པ་མ་ཟད། གནའ་དཔེའི་བསམ་བཀོད་ཐོན་རྫས་གསར་སྤེལ་དང་གནའ་དཔེ་སྲུང་སྐྱོང་གི་ཤེས་ལྡན་མི་སྣའི་དཔུང་ཁག་གསོ་སྐྱོང་དང་འཐུས་སྒོ་ཚང་དུ་བཏང་ནས། གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་གནའ་དཔེའི་ནང་འདུས་པའི་བསམ་བློ་དང་རིག་གནས་ཀྱི་ནང་དོན་གཏིང་ཟབ་མོ་སྔོག་འདོན་ཡག་པོ་ཐུབ་པ་ཡང་བྱེད་དགོས་ཞེས་བརྗོད་པ་རེད།