དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་སོགས་རྒྱལ་ཁབ་15མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིར་བདམས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-10-25

    ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་78པའི་ཐོག་ཀྲུང་གོ་ཚུད་པའི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་15བདམས་ཐོན་བྱུང་ནས་འདི་ལོའི་ལོ་མཇུག་ཏུ་འགན་ཡུན་ཐིམ་པའི་ཁོངས་མིའི་ལས་འགན་མུ་མཐུད་འཁུར་རྒྱུ་རེད།

    ད་ཐེངས་བདམས་ཐོན་བྱུང་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་ནི། ཨ་ཧྥེ་རི་ཁ་ས་ཁུལ་གྱི་པུ་རུན་ཏི་དང་། ཁོ་ཐེ་ཏི་ཝོར། ཀག་ན། མ་ལ་ཝེ་བཅས་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་གྱི་ཀྲུང་གོ་དང་། ཧིན་རྡུ་ཉི་ཞི་ཡ། རི་པིན། ཁུ་ཝེ་ཐེ། ཡོ་རོབ་ཤར་མའི་ས་ཁུལ་གྱི་ཨར་པ་ནི་ཡ་དང་པུར་ཀ་རི་ཡ། ལ་ཏིང་མེ་གླིང་དང་ཅ་ལེ་པིའི་ས་ཁུལ་གྱི་པར་ཙིར་དང་། ཁུ་པ། ཏོ་སྨི་ནི་ཁ་སྤྱི་མཐུན་རྒྱལ་ཁབ། ཡོ་རོབ་ནུབ་མ་དང་ས་ཁུལ་གཞན་གྱི་ཧྥ་རན་སེ་དང་ཧོ་ལན་བཅས་ཡིན་པ་དང་། དེའི་ནང་ཀྲུང་གོ་དང་། ཁོ་ཐེ་ཏི་ཝོར། ཁུ་པ། ཧྥ་རན་སེ། མ་ལ་ཝེ་བཅས་ཁོངས་མིའི་འགན་བསྟུད་འཛིན་བྱེད་མཁན་ཡིན། གསར་དུ་བདམས་ཐོན་བྱུང་བའི་ཁོངས་མི་15ཡི་འགན་ཡུན་དེ་2024ལོའི་ཟླ་1ཚེས་1ཉིན་ནས་འགོ་ཚུགས་རྒྱུ་དང་དུས་ཡུན་ལོ་3ཡིན་པ་རེད།

    འདི་ལོ་ཁྱོན་འོས་འདེམས་རྒྱལ་ཁབ་17ཡོད་པ་དག་གིས་གདན་ཐོབ་15འགྲན་རྩོད་བྱས་མཐར། ཨུ་རུ་སུ་དང་ཕེ་རུ་བདམས་ཐོན་བྱུང་མེད་པ་རེད།

    དེ་ནི་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིའི་འགན་འཁུར་ཐེངས་དྲུག་པ་ཡིན་པ་དང་། བདམས་ཐོན་བྱུང་ཐེངས་མང་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་རེད། ཀྲུང་གོས་དེ་སྔ་2006ལོ་ནས་2012ལོ་དང་། 2014ལོ་ནས་2016ལོ། 2017ལོ་ནས་2019ལོ། 2021ལོ་ནས་2023ལོ་བཅས་བར་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིའི་འགན་ཁུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།