དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • འདུམ་འགྲིག་ལྟེ་གནས་ཁུ་བསྡུ་བྱས། འགལ་ཟླ་ཐག་གཅོད་དེ་བས་ལེགས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཆའོ་ཏུང་།   |     སྤེལ་དུས།  2023-10-25

    འདི་ལོའི་ཟླ་5པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་གཞི་རིམ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དང་། འགལ་བ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས། ཡིག་འབུལ་ཞུ་བཅར་སྣེ་ལེན་ལྟེ་གནས། སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ལྟེ་གནས། གཏུག་བཤེར་ཞབས་ཞུ་ལྟེ་གནས་སོགས་འགལ་ཟླ་སེལ་བ་དང་འདུམ་འགྲིག་བྱེད་པའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་གྲོང་ཁྱེར་དང་། རྫོང་། ཤང་བཅས་རིམ་པ་གསུམ་གྱི“སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས”བསྐྲུན་རྒྱུར་སྐུལ་འདེད་བཏང་བ་རེད།

    ལྟེ་གནས་ལྔ་ཟླ་སྒྲིལ་བཏང་སྟེ“ཁེར་རྐྱང”ནས“ཚོགས་པ་ཆེན་པོར”བསྒྱུར་བ།

    མཚོ་སྔོན་ཞིང་ཆེན་དགོན་ལུང་རྫོང་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ལི་ཙུང་པིན་གྱིས་སི་ཁྲོན་རྔ་པའི་བོད་རིགས་གླ་པ་ཁག་གཅིག་སྒོ་རྩར་ཡོད་པ་མཐོང་ནས་ནང་དུ་བསྐོངས། “ཁོ་ཚོས་རྒྱ་སྐད་ཡག་པོ་ཤེས་ཀྱི་མི་འདུག” འོན་ཀྱང་ངང་རྒྱུད་རིང་པོས་ཉན་རྗེས་ལི་ཙུང་པིན་གྱིས་གཞི་ནས་ཧ་གོ་ཙམ་བྱུང་། ཁོ་ཚོ་ཉེ་འགྲམ་གྱི་མ་ཡུར་དུ་ལས་ཀ་བྱས་ནས་ཟླ་བ་གཅིག་སོང་བ་དང་། འགན་གཙང་ལས་དཔོན་གྱིས་རྒྱུ་མཚན་སྣ་ཚོགས་བཙལ་ནས་རང་འགན་གཞན་དཀྲི་བྱས་ཏེ་གླ་ཆ་སྒོར་38878སྤྲད་མེད་པ་རེད། དེར་མ་ཡོང་གོང་ཁོ་ཚོ་མི་སྤྱི་ཅུས་སུ་ཕྱིན་ཡོད་པ་རེད། འོན་ཀྱང་གན་རྒྱ་བཞག་མེད་ལ་སྦྱིན་བདག་གི་ཆ་འཕྲིན་ཡང་གསལ་པོ་ཤེས་ཀྱི་མེད་སྟབས་ཐག་གཅོད་ཐུབ་མེད། འུ་ཐུག་ཐབས་ཟད་འོག་ཁོ་ཚོས་ཡིག་འབུལ་ཞུ་བཅར་ཅུས་ལ་ཞུ་གཏུག་རྒྱག་རྩིས་བྱས།

    ཡིག་འབུལ་ཞུ་བཅར་གྱི་སྣེ་ལེན་སྐར་ཁུང་དེ་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་སུ་ཟླ་སྒྲིལ་བཏང་ཡོད། ལི་ཙུང་པིན་གྱིས་ཁོ་ཚོར་ཆུ་འཁོལ་བླུགས་ནས་རྐུབ་བཀྱག་ཐོག་སྡོད་དུ་བཅུག “ཁོ་ཚོས་ཉེ་འགྲམ་གྱི་མ་ཡུར་དུ་མདོང་ལམ་འདིང་གི་ཡོད་པས་ཆུ་བེད་དང་འབྲེལ་བ་ཡོད་པ་མིན་ནམ” སྙམ་ནས་ལྟེ་གནས་དེས“ག་དུས་འབོད་ཀྱང་དེ་འཕྲལ་འབྱོར་བའི”ལམ་སྲོལ་ལག་ལེན་བསྟར་འགོ་བཙུགས་ཤིང་། ཆུ་བེད་སྡེ་ཚན་གྱི་འགན་འཁུར་བ་སླེབས་རྗེས་སྐད་ཆ་དྲིས་པར་རྣམ་གྲངས་དེ་ཁོ་ཚོའི་མིན་པ་ཤེས། ཆུ་བེད་ལས་གྲྭ་དང་འབྲེལ་བ་ཡོད་པས་ལི་ཙུང་པིན་གྱིས་སྔ་རྗེས་སུ“ཙོང་ཆུ་འདྲེན་པའི”ལས་གྲྭ་འཛུགས་སྐྲུན་དོ་དམ་ཅུས་དང་ཤིས་ཧྲན་གྲོང་རྡལ་དང་འབྲེལ་བ་བྱས། དེ་ནས་ཞིང་ལས་གྲོང་གསེབ་དང་ཚན་རྩལ་ཅུས་ཀྱི་འགན་འཁུར་བློ་མཐུན་ས་གནས་ས་ཐོག་ཏུ་སླེབས་རྗེས། ཅུས་དེའི་ཤིས་ཧྲན་གྲོང་རྡལ་གྱི་ཨར་སྐྲུན་ལས་གྲྭ་ཡིན་པ་གཞི་ནས་ར་འཕྲོད་བྱུང་། ལས་ཀ་བྱེད་མཁན་ཁ་ཤས་ཀྱིས་བཤད་པ་དང་ཟུང་འབྲེལ་བྱས་ཏེ་རྣམ་གྲངས་ཀྱི་སྤྱིའི་འགན་གཙང་ཚོང་པ་བརྒྱུད་ད་གཟོད་འགན་གཙང་ལས་དཔོན་དེ་དང་འབྲེལ་བ་ཐུབ། ཆུ་ཚོད་གཉིས་ཀྱང་མ་འགོར་བར་དོན་དག་བདེ་བླག་ངང་ཐག་གཅོད་ཐུབ།

    ལམ་སྲོལ་གསེད་བཀྲོལ་བྱས་ཏེ་དྲ་ཐོག་དང་དྲ་ཕྱི་ནས་སྐུལ་འདེད་བཏང་བ།

    ལྟེ་གནས་ཆེ་གྲས་ལྔ་ཟླ་སྒྲིལ་བཏང་བ་དེ་བལྟས་པ་ཙམ་གྱིས་སྟབས་བདེ་པོ་ཞིག་མ་རེད། དཀའ་གནད་ཁྱད་བསད་བྱ་ཆེད། མཚོ་སྔོན་གྱིས《སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་འཛུགས་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར(ཚོད་ལྟའི་ལག་བསྟར)》བཀྲམ་སྟེ་ས་གནས་ཁག་གིས་གྲངས་གཞི་ཆེ་མོ་དང་། ལས་ཀའི་ལམ་སྲོལ་གསེད་བཀྲོལ། མི་སྣ་གསོ་སྦྱོང་ལ་ཤུགས་སྣོན་སོགས་ཐད་ནས་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ལ་ངོ་བོའི་རང་བཞིན་གྱི་འགྱུར་ལྡོག་ཡོང་བ་བྱས།

    ལོ་65ལ་སླེབས་པའི་ཀྲང་ཨན་པིང་ཁྲིམས་འཛིན་ཅུས་ནས་རྒན་ཡོལ་ཞུས་པ་དང་ཉེ་ཆར་སླར་ཡང་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་འགན་འཁུར་བར་གདན་དྲངས་པ་རེད། ཁོང་གིས་གསར་འགོད་པར་ངོ་སྤྲོད་བྱས་དོན། “དེ་བས་ལེགས་པ་དང་དུས་ཐོག་ཏུ་འགལ་བ་ཐག་གཅོད་བྱ་ཆེད། ང་ཚོས‘འགལ་བ་དང་རྩོད་གཞི་གང་དགར་སྙན་སེང་ཞུ་བའི’བྱ་རིམ་ཆུང་གྲས་བཟོས་པ་ཡིན། དེ‘ཏི་ཏི་འཁོར་འབོད’དང་འདྲ་བར་མང་ཚོགས་ཀྱི་ལག་ཐོགས་ཁ་པར་ནས་འགལ་ཟླ་དང་རྩོད་གཞི་རྟགས་བཤེར་སྙན་སེང་ཞུས་ཚེ། ལས་སྟེགས་ཀྱིས་ཐག་ཉེ་སའི་ཁྲོམ་གཞུང་དང་སྡེ་ཁུལ་རིམ་པ་གཉིས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་མི་སྣ་ས་གནས་ས་ཐོག་ཏུ་མངགས་ནས་དུས་ཐོག་ཏུ་འདུམ་འགྲིག་བྱས་ཚུལ་གོང་ཞུ་བྱེད་ཀྱི་ཡོད། གལ་སྲིད་རྙོག་འཛིང་ཆེ་བའི་གནས་ཚུལ་འཕྲད་ནས་སྡེ་ཁུལ་གྱིས་ཐག་གཅོད་བྱེད་ཐབས་བྲལ་ཚེ། གནས་ཚུལ་སྙན་སེང་ཞུས་རྗེས་རྫོང་དང་ཆུས་རིམ་པའི་ཞབས་ཞུ་ལྟེ་གནས་ཀྱིས་ཆེད་མངགས་དབྱེ་ཞིབ་དང་ཞིབ་འཇུག་བྱས་ནས་ཐག་གཅོད་བྱེད་ཀྱི་ཡོད”

    བརྙན་ཤེལ་དཀྱིལ་གྱི་ས་བཀྲའི་སྟེང་དུ་ཐའེ་གནའ་གྲོང་ཁྲོམ་གཞུང་གི་འདུམ་འགྲིག་པའི་པར་གྱི་གློག་དམར་པོ་སྦར་ཡོད། “འགལ་ཟླ་དང་རྩོད་གཞི་གང་དགར་སྙན་སེང་ཞུ་བའི”རྒྱབ་སྟེགས་ནས་འགལ་ཟླ་སྙན་སེང་ཞུ་མཁན་གྱི་འབྲེལ་གཏུག་བྱེད་སྟངས་དང་དེ་བཞིན“དྲོད་རླངས་དྲོ་པོ་མེད་པ་དང་སྡེ་ལས་ཀྱི་ཞབས་ཞུ་ཡག་པོ་མེད་པའི”དོན་དག་རགས་ཙམ་ཐོན་པ་མངོན། སྐར་མ་20ལྷག་ཙམ་སོང་རྗེས་ཁྲོམ་གཞུང་དེའི་འདུམ་འགྲིག་པ་ས་གནས་ས་ཐོག་ཏུ་སླེབས་ཏེ་གློག་དམར་པོ་ནས་ལྗང་ཁུར་གྱུར་ཟིན། “དེ་ནས་འདུམ་འགྲིག་པས་ས་གནས་ས་ཐོག་ཏུ་འདུམ་འགྲིག་བྱས་ཚུལ་ཚུར་ལན་སློག་གི་རེད། གལ་ཏེ་འདུམ་འགྲིག་ཡག་པོ་མ་བྱུང་ན་གོང་རིམ་ལ་སྙན་སེང་ཞུ་བ་དང་། ཞིབ་འཇུག་བརྡར་གཅོད། མཉམ་འབྲེལ་འདུམ་འགྲིག་བཅས་ཀྱི་བརྒྱུད་རིམ་ལ་སླེབས་ཀྱི་རེད”

    “རྒྱལ་ཡོངས་ཀྱི་མི་དམངས་འདུམ་འགྲིག་མཁས་ཅན”གྱི་མཚན་སྙན་ཐོབ་མྱོང་བའི་དགོན་ལུང་རྫོང་གི་འདུམ་འགྲིག་པ་ཅི་ཧྥུའུ་ཅ་ལ་དེའི་ཐད་མྱོང་ཚོར་ཟབ་མོ་བྱུང་ཡོད། སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་བཙུགས་རྗེས། སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ཚང་མས་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པའི་འགན་གཅིག་ལྕོགས་འཁུར་གྱི་ཡོད། ལམ་སྲོལ་གསེད་བཀྲོལ་བྱས་ཚེ་གཞི་ནས་འགལ་བ་རྣོ་ངར་ཆེ་རུ་མི་འགྲོ་བ་དང་ཞུ་བཅར་གྱོད་གཞི་དང་ཉེས་དོན་གྱོད་གཞི་མི་ཐོན་པ་ཡོང་གི་འདུག”ཅེས་ཅི་ཧྥུའུ་ཅ་ཡིས་བཤད།

    རྒྱུན་མཐུད་སྐུལ་འདེད་བཏང་སྟེ་འདུམ་འགྲིག་གི་སྤུས་ཕན་ལེགས་སུ་བཏང་བ།

    མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གཏེར་ལེན་ཁ་གྲོང་ཁྱེར་གྱིས་མིག་སྔའི་བར་འགལ་ཟླ་དང་རྩོད་གཞི་ཁག་276འདུམ་འགྲིག་བྱས་པ་དང་། གཏུག་བཤེར་ཞབས་ཞུ་412བསྒྲུབས་པ། བཅའ་ཁྲིམས་རོགས་སྐྱོར་གྱི་གྲོས་གཞི་159དང་བཅའ་ཁྲིམས་བློ་འདྲི་378བྱས་པ་རེད།

    གཞི་རིམ་གྱི“འགལ་ཟླ་འདུམ་འགྲིག”གི་སྟོབས་ཤུགས་འཐུས་སྒོ་ཚང་དུ་བཏང་བར་བརྟེན་མང་ཚོགས་ཀྱི་འགལ་ཟླ་དང་རེ་ཞུ་དེ་བས་ལེགས་ལ་མགྱོགས་པའི་སྒོ་ནས་ཐག་གཅོད་ཐུབ་ཡོད། གསར་འགོད་པས་བཅར་འདྲི་བྱེད་སྐབས་ཤེས་རྟོགས་བྱུང་བར། མིག་སྔར་རྫོང་དང་ཤང་རིམ་པ་གཉིས་ཀྱི་ངོས་ནས་བརྗོད་ན། མང་ཚོགས་ཀྱི་འགལ་ཟླ་མང་ཆེ་བ་རྫོང་དུ་གཅིག་སྡུད་བྱས་ཡོད་པ་རེད། “དེ་ནི་མང་ཚོགས་ཀྱིས་ཤང་དང་གྲོང་རྡལ་དང་ཁྲོམ་གཞུང་གི་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ལ་ཆ་རྒྱུས་དེ་ཙམ་མེད་པས་གོང་ཞུ་བྱེད་པར་གོམས་པའི་རྐྱེན་གྱིས་རེད། དེར་བརྟེན་ང་ཚོས‘རིམ་གསུམ་མཉམ་སྒྲིག’གི་རྨང་གཞི་སྔར་བས་བརྟན་དུ་བཏང་ནས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ་དང་གཞི་རིམ་གྱི་འདུམ་འགྲིག་སྟོབས་ཤུགས་འཐུས་སྒོ་ཚང་དུ་བཏང་བ་མ་ཟད། ཟླ་རེར་རིམ་པ་བརྒལ་ནས་གྱོད་གཞི་ཐག་གཅོད་ཀྱི་རེ་ཞུ་བྱས་པའི་གྲངས་འབོར་དང་རིགས་བསྡོམས་རྩིས་བརྒྱབ་སྟེ། དཔྱད་ཞིབ་བྱེད་རིང་འབྲེལ་ཡོད་ཤང་དང་གྲོང་རྡལ་ལ་ཐག་ཉེ་སར་འགལ་བ་སེལ་དགོས་པའི་བླང་བྱ་བཏོན་གྱི་ཡོད”ཅེས་ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཆུས་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཅུན་ལུའུ་ཡིས་བཤད།

    “‘གཅིག་འཐུས་རྣམ་པའི’ཐོག་ནས་སྣེ་ལེན་བདག་སྤྲོད་དང་། བགོ་འགྲེམས་བརྒྱུད་སྒྲུབ། མཐུན་སྦྱོར་བཀོད་འདོམས། རིམ་དབྱེ་འདུམ་སྒྲིག་བཅས་ཀྱི་གཞི་རིམ་གྱི་འགལ་ཟླ་དང་རྩོད་གཞི་ཐག་གཅོད་བྱེད་པའི‘གོ་རིམ་ལྟར་རྒྱུན་མཐུད་ལས་སྒྲུབ’ཀྱི་རྣམ་པ་ཞིག་ཆགས་ནས། འགལ་ཟླ་དང་རྩོད་གཞི་སེལ་རྒྱུ་དེ་ཁེར་རྐྱང་གིས་ཐག་གཅོད་བྱེད་པ་ནས་ཚོགས་པས་ཐག་གཅོད་བྱེད་པའི་བར་འགྱུར་ལྡོག་ཕྱིན་ཡོད”ཅེས་མཚོ་སྔོན་ཞིང་ཆེན་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ཧྲང་ཁྲེང་ཚའེ་ཡིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།