དབུ་ཤོག>གསར་འགྱུར།>དམངས་འཚོ།
  • རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས།

    སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་རྒན་རྒོན་ལ་བསྙེན་བཀུར་ཞུ་བའི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-25

    རང་སྐྱོང་ལྗོངས་ཀྱི“དགུ་པའི་ཚེས་དགུའི་དུས་ཆེན། རྒན་རྒོན་ལ་བརྩེ་བས་བཀུར”ཞེས་པའི་རྒན་རྒོན་གྱི་ལུས་རྩལ་སྤེལ་རེས་འགྲེམས་སྟོན་འདུ་ཚོགས་འཚོག་ཡུལ་ཡིན་པ།

    འདི་ནི་མལ་གྲོ་གུང་དཀར་རྫོང་གི་དགུ་པའི་ཚེས་དགུའི་དུས་ཆེན་གྱི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    འདི་ནི་བསམ་གྲུབ་རྩེ་ཆུས་ཀྱི་དང་བླངས་པས་རྒན་རྒོན་ཚོར་རིན་མེད་བརྟག་དཔྱད་བྱེད་བཞིན་པ།

    འདི་ནི་ལྷ་ས་གྲོང་ཁྱེར་སྤྱི་ཚོགས་ཕན་བདེ་ཁང་གི་ལས་དོན་པས་རྒན་རྒོན་ལ་སྐྱེས་སྐར་གྱི་ཞྭ་མོ་གཡོག་བཞིན་པ།

    ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་རྒན་རྒོན་ལ་གཅེས་སྐྱོང་དང་དྲོ་སྐྱིད་སྦྱིན་ཏེ་རྒན་བཀུར་གྱི་སྲོལ་རྒྱུན་བཟང་པོ་སྔར་བས་དར་སྤེལ་བཏང་བ་རེད།

    ཟླ་10ཚེས་23ཉིན། 2023ལོའི་རང་སྐྱོང་ལྗོངས་ཀྱི“དགུ་པའི་ཚེས་དགུའི་དུས་ཆེན། རྒན་རྒོན་ལ་བརྩེ་བས་བཀུར”ཞེས་པའི་རྒན་རྒོན་གྱི་ལུས་རྩལ་སྤེལ་རེས་འགྲེམས་སྟོན་འདུ་ཚོགས་ལྷ་ས་གྲོང་ཁྱེར་དུ་འཚོགས་ཤིང་། ད་ཐེངས་ཀྱི་སྤེལ་རེས་འགྲེམས་སྟོན་འདུ་ཚོགས་ལ་སྤེལ་རེས་འགྲེམས་སྟོན་དང་། དགོད་བྲོ་བའི་ལུས་རྩལ། མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་ཉམས་ལེན་རྣམ་གྲངས་བཅས་ཁག་ཁ་ཤས་སུ་ཕྱེ་ཡོད།

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་དམངས་ཡོངས་ལུས་སྦྱོང་གི་ལག་བསྟར་འཆར་གཞི(2021ནས་2025ལོའི་བར)》ཁྱོན་ཡོངས་ནས་ལག་ལེན་བསྟར་བར་སྐུལ་འདེད་བཏང་སྟེ་རྒན་རྒོན་གྱི་ལུས་རྩལ་ལས་དོན་དེ་ཉིད་དམངས་འཚོ་ལེགས་གཏོང་དང་། དམངས་ཡོངས་ལུས་སྦྱོང་གི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར། བདེ་ཐང་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་བཅས་ཀྱི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས། ཐའེ་ཅི་དྲག་རྩལ་དང་སྒོར་གཞས་སོགས་ས་མཐོར་འཚམ་པའི་ལུས་རྩལ་ཁྱབ་གདལ་ཤུགས་ཆེན་བཏང་བ་དང་སྣ་མང་ཕུན་སུམ་ཚོགས་པའི་རྒན་རྒོན་གྱི་ལུས་རྩལ་བྱེད་སྒོ་ཧུར་ཐག་སྤེལ་ནས། རྒན་རྒོན་ཚོགས་སྤྱིའི་ལུས་སྦྱོང་གི་དགོས་མཁོ་ཟམ་མི་ཆད་པར་བསྐངས་ཏེ་རྒན་རྒོན་གྱི་ལུས་རྩལ་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་རེད།

    ཚེས་23ཉིན་གྱི་སྔ་དྲོར། བསམ་གྲུབ་རྩེ་ཆུས་སུ་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི“ང་ཚོའི་དུས་ཆེན·དགུ་པའི་ཚེས་དགུ”ཞེས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། བྱེད་སྒོར་འབྲེལ་ཡོད་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་རྒན་རྒོན་ལ་བདེ་ཐང་ཤེས་བྱ་དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱས་པ་དང་འབྲེལ། ལོ་80ཡན་གྱི་རྒན་རྒོན་12ལ་འཚམས་འདྲིའི་དངོས་པོ་སྤྲད་པ་དང་སྨན་རིན་མི་དགོས་པར་སྨན་བཅོས་བྱས་པ་རེད། བྱེད་སྒོ་མཇུག་འགྲིལ་སྐབས། རྒན་རྒོན་ཚོས་མཉམ་དུ་གསར་བརྗེའི་གླུ་གཞས་བཏང་བ་དང་ཀེག་བཟས་ནས་ལོ་80ལ་སླེབས་པའི་སྐྱེས་སྐར་བཏང་བ་རེད།

    ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཤ་གསོས་ཤང་དུ་ཤང་ཏང་ཨུད་ཀྱིས་ཏང་ཡོན་དང་ལས་ཁུངས་ཀྱི་གཞོན་ནུ་དང་བླངས་པའི་འཐུས་མི་སྒྲིག་འཛུགས་བྱས་ཏེ། ཤ་གསོས་གྲོང་ཚོའི་ལོ་70ཡན་གྱི་རྒན་རྒོན་དང་མཉམ་དུ་ཏང་དམངས་ཇ་ཁང་དུ་འཛོམས་ནས། “དགུ་པའི་ཚེས་དགུའི་དུས་ཆེན་ལ། རྒན་རྒོན་རྣམས་ལ་སྲི་ཞུ་སྒྲུབ”ཅེས་པའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་ཤང་འཕྲོད་བསྟེན་ཁང་གི་སྨན་པས་རྒན་རྒོན་ལ་རིན་མི་དགོས་པར་ཁྲག་ཤེད་ལྟ་བ་དང་རྒན་རྒོན་གྱི་ནད་གཞི་སྔོན་འགོག་དང་རྒན་རྒོན་ལ་ནད་གཡོག་རྒྱུག་སྟངས་སོགས་ཀྱི་ཤེས་བྱ་འགྲེལ་བཤད་བརྒྱབ་པ་མ་ཟད། རྒྱུན་དུ་མཁོ་བའི་སྨན་ཡང་སྤྲད་པ་རེད། ཤང་ཏང་ཨུད་ཀྱིས་ཤང་ཡོངས་ཀྱི་རྒན་རྒོན་46ལ་བསྡོམས་སྒོར་6900ཙམ་རི་བའི་ཉལ་ཆས་སྤྲད་པས་རྒན་རྒོན་ཚོས་ཏང་རྩ་འཛུགས་ཀྱི་སེམས་ཁུར་དང་དྲོ་སྐྱིད་ཚོར་ཡོད། ཤང་ལས་ཁུངས་ཀྱི་གཞོན་ནུ་དང་བླངས་པ་དང་བུད་མེད་དང་བླངས་པས་རྒན་རྒོན་ཚོ་དང་ཅི་འཕྲོས་མོལ་འཕྲོས་བཤད་དེ་ཁོང་ཚོའི་གཟུགས་པོ་དང་འཚོ་བའི་གནས་ཚུལ་དྲིས་པ་མ་ཟད། ཚང་མ་ལྷན་དུ་འཛོམས་ནས་འདས་སོང་ལ་ཕྱིར་དྲན་དང་། ད་ཆའི་བདེ་སྐྱིད་གླེང་བ། འབྱུང་འགྱུར་ལ་རེ་ལྟོས་བཅས་བྱས་ཏེ་རྒན་གཞོན་ལྷན་འཛོམས་ཀྱི་ཉམས་དགའ་བའི་རྣམ་པ་ཞིག་མངོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།