འོ་ཆུ་འདྲེས་པའི་ངང་ཚུལ་བཞིན། རྒྱ་བོད་མཐུན་སྒྲིལ་བརྟན་ཞིང་ཟབ།
—— མེ་ཏོག་རྫོང་འབྲས་སྤུངས་ཤང་དགྱེ་གླིང་གྲོང་ཚོའི་མོན་པ་རིགས་ཀྱི་སྒྲོལ་མ་ཆོས་འཛོམས་དང་བཟའ་ཟླ་ཝུན་གོའི་སྐོར་གླེང་བ།
འདི་ནི་སྒྲོལ་མ་ཆོས་འཛོམས་ཀྱིས་མེ་ཏོག་ལ་ཆུ་རྒྱག་བཞིན་པ།
ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་འབྲས་སྤུངས་ཤང་དགྱེ་གླིང་གྲོང་ཚོ་ནི་འབྲས་སྤུངས་ཤང་གི་ལྷོ་ངོས་སུ་ཆགས་པ་དང་དེ་གར་འཚོ་བ་སྐྱེལ་མཁན་མང་ཆེ་བ་མོན་པ་རིགས་རེད། ཤང་གནས་སར་ས་བབ་མཐོ་ཚད་སྨི་1721ལས་མེད་ཅིང་། དབྱར་ཁ་ཚ་བ་ཆེན་པོ་མེད་ལ་དགུན་ཁ་གྲང་མོ་ཡང་མེད། གྲོང་ཚོའི་མཐའ་བཞིར་ཚང་ཚིང་ནགས་ཀྱིས་བསྐོར་བ་དང་དུས་བཞི་དབྱེར་མེད་དུ་གསོ་རླུང་འབེལ་པོ་ཡོད་པས་ནང་སའི་སྤོས་ངད་གྲོང་ལ་ཡང་སྐྱེངས་པ་སྟེར་རོ།
གསར་འགོད་པ་དགྱེ་གླིང་གྲོང་ཚོའི་སྒྲོལ་མ་ཆོས་འཛོམས་ཀྱི་ཁྱིམ་དུ་སླེབས་སྐབས། དཀར་ཆ་དོད་ལ་གཙང་སྦྲ་ལྡན་པའི་ཐོག་སོ་གཉིས་ལྡན་གྱི་ཁང་པ་སྒོ་ར་རང་འགྲིག་མ་ཞིག་མིག་ལམ་དུ་འཆར་བ་དང་། སྒོ་རའི་མཐའ་འཁོར་དུ་ཁ་དོག་འདྲ་མིན་སྣ་ཚོགས་ཀྱི་མེ་ཏོག་ཁྲ་ཆིལ་ལེར་བཞད་པ་མཐོང་དུས། ཁོང་དང་དོད་ཆེ་བ་དང་འཚོ་བར་སྤྲོ་སྣང་གིས་ཕྱུག་པ་གོར་མ་ཆག
འདི་ནི་དམངས་སྲོལ་གནས་ཚང་གི་ཟུར་ཞིག་ཡིན་པ།
དགྱེ་གླིང་གྲོང་ཚོ་ནི་ཡུལ་ལྗོངས་ལྟ་ན་སྡུག་ཅིང་དམངས་སྲོལ་བཟང་བའི་ཡུལ་ལུང་ཞིག་ཡིན་པ་དང་། མི་རབས་ནས་མི་རབས་བར་དགྱེ་གླིང་གྲོང་ཚོར་འཚོ་བའི་མོན་པ་རིགས་ཀྱི་མང་ཚོགས་ཀྱིས་མཐའ་སྲུང་དཔོན་དམག་དང་མཉམ་དུ་དཀའ་སྡུག་མཉམ་མྱོང་དང་ཕྱར་བ་གྲུ་འདེགས་ཀྱིས་དམག་དམངས་ཉ་ཆུ་ལྟ་བུའི་འབྲེལ་བར་ཕུལ་བའི་བསྟོད་གླུ་རིང་པོ་མཉམ་དུ་བརྩམས་དང་རྩོམ་བཞིན་ཡོད་པ་གསར་འགོད་པར་ཤེས་རྟོགས་བྱུང་།
དུས་རབས་གོང་མའི་ལོ་རབས་དགུ་བཅུ་པར་མེ་ཏོག་རྫོང་དུ་གཞུང་ལམ་ཤར་གཏོང་ཐུབ་མེད་པས། མེ་ཏོག་རྫོང་མིང་དོན་མཚུངས་པའི“ས་མཐོའི་ཁེར་ཆགས་གླིང་ཕྲན”ལྟ་བུ་ཞིག་རེད། འགྲིམ་འགྲུལ་སྟབས་མི་བདེ་བ་དང་ཧ་ཅང་དབུལ་ཞིང་ཕོངས་པའི་གནས་ཚུལ་ཤང་དང་གྲོང་ཚོ་ཚང་མར་གནས་པས། དགྱེ་གླིང་གྲོང་ཚོའང་ཚུལ་དེ་ལས་མ་འདས། ཐ་ན་གྲོང་ཚོར་ཁང་པ་རྒྱག་ཐུབ་པའི་ས་ཆ་ཁོད་སྙོམས་པོ་ཞིག་མེད་པར་གྲོང་མི་ཚང་མ་རང་སོ་སོས་བརྒྱབ་པའི་ཤིང་ཁང་ཐེབས་ཆག་གི་ནང་དུ་སྡོད་པ་དང་བཅའ་སྡོད་དཔོན་དམག་ཚོའང་རི་ལྡེབས་ཀྱི་ཐུར་ཞིག་ཏུ་སྡོད་ཀྱི་ཡོད། དེས་ན། དབྱར་ཁ་ཆར་པ་འབབ་རིམ་བཞིན་སྒར་ཁུལ་དུ་ཆར་ཆུ་མང་པོ་འཁྱིལ་གྱི་ཡོད།
1992ལོའི་ཉིན་ཞིག་དགྱེ་གླིང་གྲོང་ཚོར་དྲག་ཆར་བསྟུད་མར་བབས་པའི་དབང་གིས་རི་ཉིལ་བའི་གནས་ཚུལ་ཐོན། སྒར་ཁུལ་ལ་རི་ཉིལ་བའི་གནོད་འཚེ་ཐོག་མར་བྱུང་ནས་དཔོན་དམག་ཚོ་ཆགས་ས་རྟེན་ས་མེད་པར་གྱུར། རང་བྱུང་གནོད་འཚེར་སྙིང་རྗེ་མེད་ཀྱང་མི་ལ་ལྷད་མེད་བརྩེ་སེམས་ལྡན། དགྱེ་གླིང་གྲོང་ཚོའི་མོན་པ་རིགས་ཀྱི་མང་ཚོགས་ཚོས་གནས་ཚུལ་དེ་ཐོས་མ་ཐག གྲོང་མི་ཚོས་གཅིག་རྗེས་གཉིས་མཐུད་ངང་རང་ཁྱིམ་གྱི་སྒོ་ར་གཙང་མར་ཕྱགས་ཏེ་དཔོན་དམག་ཚོ་སྡོད་དུ་བཅུག་པས་ཁོང་ཚོ་གྲང་རླུང་ཁྲོད་དུ་བཟའ་བཏུང་བྱེད་དགོས་བྱུང་མེད།
འདི་ནི་ཡུལ་སྐོར་ལམ་ཡིན་པ།
དགྱེ་གླིང་གྲོང་ཚོར་བསྔགས་པར་འོས་པའི་དམིགས་བསལ་གྱི་ཁྱད་ཆོས་ཤིག་མངའ་བ་ནི། དམག་དམངས་དབར་གྱི་ཉ་ཆུ་ལྟ་བུའི་འབྲེལ་བ་དེ་རེད། རྒྱུས་ལོན་རགས་ཙམ་བྱས་པ་ལྟར་ན། དེ་ཡང་ཝུན་གོ་དགྱེ་གླིང་གྲོང་ཚོར་བཅའ་སྡོད་བྱེད་རིང་། སྒྲོལ་མ་ཆོས་འཛོམས་དང་ངོ་ཤེས་ནས་རིམ་པས་ཕན་ཚུན་གཉིས་མོས་ཀྱིས་དགའ་རོགས་བསྒྲིགས་ཏེ་གཉེན་སྒྲིག་བྱས་པ་དང་། དེ་ནས་ཝུན་གོ་དམག་ཞབས་ཐིམ་རྗེས་རྒྱ་ནག་ལ་མ་ལོག་པར་དགྱེ་གླིང་གྲོང་ཚོར་རང་འཇགས་གཞིས་ཆགས་ནས་བསྡད། མ་གཞི་དགྱེ་གླིང་གྲོང་ཚོ་ནི་རང་ཉིད་ཀྱི་སྐྱེས་སའི་ཕ་ཡུལ་མིན་རུང་། སྐྱེས་སའི་ཕ་ཡུལ་ལས་ལྷག་པའི་བརྩེ་བ་ཞིག་ཆགས་ཏེ་ཚེ་གང་དེ་གར་འཚོ་བ་སྐྱེལ་རྒྱུའི་ཐག་བཅད།
འདི་ནི་གསར་འགོད་པས་སྒྲོལ་མ་ཆོས་འཛོམས(གཡོན)ལ་བཅར་འདྲི་བྱེད་བཞིན་པ།
སྒྲོལ་མ་ཆོས་འཛོམས་དང་ཝུན་གོ་ནི་དགྱེ་གླིང་གྲོང་ཚོར་ཕན་ཚུན་རྒྱུས་མངའ་ལོན་ནས་ལས་འཕྲོའི་མདུད་པ་ཐེབས་པ་ཞིག་ཡིན་ཞིང་། ཐོག་མར་སྐད་བརྡ་མི་འཕྲོད་པ་དང་འཚོ་བའི་གོམས་གཤིས་མི་འདྲ་བ་སོགས་འགལ་རྐྱེན་མང་དག་ཅིག་འཕྲད་ནའང་ཁོང་གཉིས་ཀྱི་བརྩེ་དུང་གི་དམ་བཅའ་ལྷོད་དུ་མ་སོང་ཁར། དེ་བས་གཅིག་གིས་མི་བཟའ་ན་གཅིག་ཤོས་ཀྱིས་མི་འཐུང་བའི་བརྩེ་གྲོགས་འདང་ཅན་དུ་གྱུར་ནས། ཕན་ཚུན་བརྩི་འཇོག་དང་། ཡིད་ཆེས། བསྟུན་མཁས་ཀྱིས་འཚོ་བ་བསྐྱལ་བ་དང་། རང་རང་གི་ལག་གཉིས་ལ་བརྟེན་ནས་དཔུང་པ་མཉམ་གཤིབ་ཀྱིས་མདུན་དུ་བསྐྱོད་དེ། མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ངོ་མཚར་ཅན་འབྲི་འགོ་བརྩམས།
གསར་འགོད་པས་སྒྲོལ་མ་ཆོས་འཛོམས་ལ་ཁོང་བཟའ་ཚོ་ཕན་ཚུན་ངོ་ཇི་ལྟར་ཤེས་མིན་སྐོར་འདྲི་སྐབས། ཁོང་གིས་ངོ་ཚ་སྨིན་པོས། ང་ནི་ས་སྐྱེས་རྡོ་སྐྱེས་ཀྱི་མོན་པའི་བུ་མོ་ཞིག་ཡིན་པ་དང་ངའི་བཟའ་ཟླ་རྒྱ་རིགས་རེད། སྔོན་མ་འཚོ་བ་སྐྱོ་བའི་ཁར་འགྲིམ་འགྲུལ་སྟབས་བདེ་མེད་རྐྱེན་སློབ་གྲྭར་འགྲོ་བའི་གོ་སྐབས་མ་བྱུང་། ཡིན་ནའང་ང་དང་ངའི་གཅེན་མོས་བག་འཁུམས་ནས་མ་བསྡད་པར་ཚོང་ཟོག་སྣ་ཁ་མང་པོ་རང་མེད་པའི་ཚོང་ཁང་ཆུང་ཆུང་ཞིག་བཙུགས་པ་ཡིན། སྐབས་དེ་དུས་ང་ཚོའི་གྲོང་ཚོར་དམག་མི་བཅའ་སྡོད་བྱེད་ཀྱི་འདུག དམག་མི་ཚོས་ཞར་དང་ཞོར་ལ་ང་ཚོའི་ཚོང་ཁང་དུ་ཅ་ལག་ཉོ་བར་ཡོང་གི་ཡོད་པས་ཝུན་གོ་ང་གཉིས་སྐབས་དེ་དུས་ངོ་ཤེས་བྱུང་། ད་ཆ་ང་གཉིས་འཆམ་པོ་ཡོད། འཚོ་བའང་གནས་བཟོད་བདེ་ལ་མི་སྨོན་རང་སྐྱིད་ཡིན་པས། ང་རང་བཟའ་ཟླ་ཝུན་གོ་དང་མཉམ་དུ་འཚོ་བ་བསྐྱལ་བར་འགྱོད་པ་གཏན་ནས་སྐྱེ་མྱོང་མེད་ཅེས་བརྗོད།
གསར་འགོད་པས་མིག་སྔའི་འཚོ་བའི་སྐོར་འདྲི་སྐབས་ཁོང་གིས། ང་ཚོའི་ཕ་ཡུལ་མཐའ་མཚམས་སུ་གནས་པ་དང་སྔོན་མ་ལམ་ཡང་ཡག་པོ་མེད་པས་ཕྱི་མི་ཡོང་མཁན་ཉུང་ཉུང་རེད། ད་ཆ་ཕ་ཡུལ་ཡུལ་སྐོར་གྱི་གནས་མཆོག་ཏུ་གྱུར་པས་དབྱར་དགུན་སྟོན་དཔྱིད་མེད་པར་ཡུལ་སྐོར་ལ་ཡོང་མཁན་འཚང་ཁ་ཤིག་ཤིག་རེད། ལྟོས་དང་ཞེས་མཛུབ་མོ་སྒེའུ་ཁུང་གི་ཕྱིར་བཙུགས་པས། ཏག་ཏག་དེ་ཕྱོགས་སུ་ཡུལ་སྐོར་བ་མང་པོ་མོ་ཊ་ལས་བབས་ཏེ་ལྗོངས་གཟིགས་སྟེགས་བུའི་ཕྱོགས་སུ་འགྲོ་བ་མཐོང་བས། དེ་དུས་གཞི་ནས་གྲོང་ཚོ་འདིར་ཡུལ་སྐོར་བས་ཁེངས་འདུག་སྙམ་པའི་ངེས་ཤེས་ཤིག་རྙེད་བྱུང་།
འདི་ནི་དམངས་སྲོལ་གནས་ཚང་གི་ནང་གི་བཀོད་པ་ཡིན་པ།
སྒྲོལ་མ་ཆོས་འཛོམས་དང་ཅི་འཕྲོས་མོལ་འཕྲོས་བཤད་པས་ཁོང་གིས། ད་ལྟ་འཚོ་བ་དངོས་གནས་སྐྱིད་པོ་འདུག སྔོན་མ་ཁང་པར་སྐྱིད་སྣང་དོད་པོ་འདི་ལྟར་མེད། འདི་དག་ཚང་མ་ང་ཚོ་ཡུལ་མི་ཚོས་དངུལ་གཏོང་མི་དགོས་པར་སྲིད་གཞུང་གིས་བརྒྱབ་པ་ཤ་སྟག་རེད། ད་ཆ་ང་ཚོས་རང་སོ་སོའི་ལག་གཉིས་ལ་བརྟེན་ནས་ཞོར་ལས་ཡོང་འབབ་གསོག་ཆོག་ཁར། ད་དུང་དམངས་སྲོལ་གནས་ཚང་དང་ཟ་ཁང་སོགས་བཙུགས་ཡོད་པས་འཚོ་བར་སེམས་ཁྲལ་མི་འདུག བཟའ་ཟླ་ཝུན་གོ་དམག་ལོག་བྱས་པ་ནས་བཟུང་། ལྡུག་འཁོར་གཅིག་དང་རྐོ་འདྲུ་འཕྲུལ་འཁོར་གཉིས་ཉོས་ནས་ཡོང་འབབ་གསོག་གི་ཡོད། ང་གཉིས་ལ་ཕྲུ་གུ་བུ་གཅིག་དང་བུ་མོ་གཅིག་ཡོད། ད་ལྟ་ཕྲུ་གུ་གཉིས་པོ་རྒྱ་ནག་ཏུ་སློབ་གྲྭར་གཏོང་གི་ཡོད་ཅེས་བརྗོད་པ་དང་ད་དུང་སྒྲོལ་མ་ཆོས་འཛོམས་ནས་རྒན་བཀུར་གཞོན་གཅེས་ཀྱི་གྲོང་སྲོལ་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་བར་2020ལོར་གྲོང་ཁྱེར་རིམ་པའི་གཟེངས་བསྟོད་ཐོབ་པས་རང་གི་བུ་ཕྲུག་དང་ཡུལ་མི་རྣམས་ལ་མིག་དཔེ་བསྟན་འདུག
དམངས་སྲོལ་གནས་ཚང་གི་ཡོང་འབབ་སྐོར་སྐད་ཆ་འདྲི་སྐབས། ཁོང་གིས་གདེང་ཚོད་ཆེན་པོས། ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་གསུམ་བཞི་ཙམ་ཡོང་གི་འདུག གྲོང་ཚོར་ཟ་ཁང་འཛུགས་མཁན་ང་རང་གཅིག་པུ་ལས་མེད་པས། ཁ་ལག་ཟ་བར་ཡོང་མཁན་མང་པོ་འདུག་ཅེས་བརྗོད་བྱུང་།
གཞན་ཡང་། སྒྲོལ་མ་ཆོས་འཛོམས་ཀྱིས་གྲོང་ཚོའི་ལོ་18ནས་65མན་གྱི་ཡུལ་མི་ཚང་མར་ལོ་རེར་མཐའ་མཚམས་ཀྱི་ཁ་གསབ་སྒོར་6000ལྷག་ཙམ་ཡོད་པའི་སྐོར་ལྷུག་པོར་གླེང་བས། དེས་གོང་རིམ་ནས་མཐའ་མཚམས་ཀྱི་མི་སེར་ལ་དམིགས་བསལ་གྱི་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་གྱི་ཡོད།
འདི་ནི་ལྗོངས་གཟིགས་སྒང་ཡིན་པ།
གྲོང་ཚོའི་ཡུལ་མི་ཚོ་དང་དམག་མིའི་དབར་ཕར་རོགས་ཚུར་རོགས་བྱེད་ཀྱི་ཡོད་པ་དང་། ཁོང་ཚོས་བཅའ་སྡོད་བྱེད་ས་ཕ་ཡུལ་དུ་བརྩི་བ་དང་མི་སེར་ཚོ་གཉེན་ཉེར་བརྩིས་ནས་དམག་སྒར་དང་དེ་བཞིན་བཅའ་སྡོད་བྱེད་སའི་ཉེ་འགྲམ་གྱི་ཡུལ་མི་ཚོའི་འཚོ་བའི་དཀའ་གནད་ཐག་གཅོད་བྱེད་རོགས་བྱས་ཏེ། དམག་དམངས་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་གསར་པ་སྐྲུན་པ་དེ་དཔུང་སྡེའི་སྲོལ་རྒྱུན་བཟང་པོར་གྱུར་ཡོད། ཡུལ་མིས་ཀྱང་ནམ་ཞག་རྒྱུན་དུ་ནུས་པས་ལྕོགས་ཚོད་ཀྱིས་དམག་མིར་རོགས་པ་བྱེད་ཀྱི་ཡོད་ཅེས་སྒྲོལ་མ་ཆོས་འཛོམས་ཀྱིས་འཛུམ་དམུལ་དམུལ་ངང་བརྗོད།
ད་དུང་གྲོང་ཚོ་དེ་གར་དམག་དཔུང་དང་ས་གནས་ཀྱིས་མཉམ་དུ་བཙུགས་པའི་མཉམ་སྡེབ་དཔལ་འབྱོར་ཏེ་ཇ་ལོའི་ཐོན་ལས་དང་། སྦྲང་ནོར་བུ་གསོ་ཚགས་ཐོན་ལས། འབྲས་དམར་རྟེན་གཞི། ཕྱུགས་རིགས་གསོ་ཚགས་ཐོན་ལས་སོགས་ཡོད་པ་དཔེར་ན། དམག་དཔུང་དང་ས་གནས་ཀྱིས་མཉམ་དུ་བཙུགས་པའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཇ་ལོའི་ཐོན་ལས་ནི་2018ལོར་བཙུགས་པ་དང་། ཁྱོན་མ་དངུལ་སྒོར་ཁྲི་500བཏང་ཞིང་། མིག་སྔའི་བར་འདེབས་ཁྱོན་མུའུ་525ཟིན་ཡོད། མང་ཚོགས་ལ་རིམ་རྩིས་བྱས་ན་ངལ་ནུས་ཡོང་འབབ་སྒོར་ཁྲི་160དང་དོ་དམ་སྲུང་སྐྱོང་གི་ཡོང་འབབ་སྒོར་ཁྲི་130ལྷག་ཙམ་བྱུང་ཡོད། མིག་སྔའི་བར་ཇ་ལོ་རྒྱ་མ་ཁྲི་0.9ཙམ་བཏུས་ནས་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་བྱུང་བ་དང་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་0.6ལྷག་ཙམ་ཟིན་འདུག
འདི་ནི་དམངས་སྲོལ་གནས་ཚང་ཡིན་པ།
ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་ས་གནས་ཁག་གིས་བརྡ་ཁྱབ་བྱང་བུ་དང་། སྤྱི་སྤྱོད་རླངས་འཁོར་གྱི་བབས་ཚུགས། གྲོང་ཁུལ་གྱི་གྱང་ལྡེབས་སོགས་དྲིལ་བསྒྲགས་ཀྱི་ཐོན་ཁུངས་གང་ལེགས་སྤྱད་དེ། དྲིལ་བསྒྲགས་ཀྱི་སྒྲོམ་བཟོ་བ་དང་དྲིལ་བསྒྲགས་ཀྱི་སྦྱར་ཡིག་སྦྱར་བ་སོགས་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན་བྱས་པས། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་རྣམ་པ་བཟང་པོ་ཕྱོགས་གང་ས་ཅི་ཐད་ནས་མངོན་ཏེ་མི་དམངས་ཀྱི་ཤ་གསེང་རུས་གསེང་དུ་ཟུག་ཡོད།
ཝུན་གོ་དང་སྒྲོལ་མ་ཆོས་འཛོམས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་གཏམ་རྒྱུད་ནི་རང་ལྗོངས་ཀྱིས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ཡག་པོ་བསྒྲུབས་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་པའི་བསྡུས་རིས་ཤིག་ཅིས་མ་ཡིན།
ད་ཆ་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བའི་འདུ་ཤེས་དེ་བས་མི་སེམས་སུ་གཏིང་ཟབ་ཟུག་པ་མ་ཟད། མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་དང་བདེ་སྐྱིད་ཀྱི་འབྱུང་རྩ་ཡིན་པ་དང་། ལས་དོན་ཐམས་ཅད་ལེགས་པོ་སྒྲུབ་པའི་རྩ་བའི་སྔོན་འགྲོའི་ཆ་རྐྱེན་དང་འགན་ལེན་ཡང་རེད། སྤུན་ཟླའི་མི་རིགས་དབར་མཛའ་གྲོགས་དང་ཕན་ཚུན་རོགས་རེས་ཀྱི་དྲོ་སྐྱིད་ལྡན་པའི་བསྡུས་རིས་ཤིག་གངས་ལྗོངས་ས་མཐོའི་ཕྱོགས་གང་སར་མངོན་བཞིན་མཆིས།
(དེ་བས་མང་བའི་ནང་དོན་ཤེས་འདོད་ན་རྩ་གཉིས་ཨང་རྟགས་འདི་བཤེར་རོགས)