དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་རྒྱལ་གྱིས་ཕྱི་རྒྱལ་གྱི་མ་དངུལ་སྒོར་དུང་ཕྱུར་9199.7བསྡུ་ལེན་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-10-24

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཚོང་དོན་པུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་དང་པོ་ནས་དགུ་པའི་བར་རྒྱལ་ཡོངས་སུ་གསར་དུ་བཙུགས་པའི་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་37814ཡོད་པ་དེ་དུས་མཚུངས་ལས་32.4%འཕར་བ་དང་། ཕྱི་དངུལ་དངོས་སུ་སྤྱོད་ཚད་སྒོར་དུང་ཕྱུར་9199.7ཟིན་པ་དེ་དུས་མཚུངས་ལས་8.4%ཆག་ཡོད་པ་རེད།

    ཚོང་དོན་པུའི་ཕྱི་ཕྱོགས་མ་དངུལ་སིའི་འགན་འཁུར་བས། མིག་སྔར་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་ཤུགས་ཞན་པ་དང་། དངུལ་ལོར་འགྲེམས་ཐལ་ཤོར་བའི་སྣང་ཚུལ་ཛ་དྲག་ཏུ་འགྲོ་བ། དགོས་མཁོ་མི་འདང་བ་བཅས་རྐྱེན་གྱིས། གོ་ལ་ཧྲིལ་པོའི་རྒྱལ་སྒྲོལ་ཐད་ཀར་མ་འཇོག་བྱེད་ཚད་རྒྱུན་མཐུད་ཆག་བཞིན་ཡོད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོང་དོན་འཕེལ་རྒྱས་ཚོགས་འདུའི་ཐོག་ཁྱབ་བསྒྲགས་བྱས་པའི《2023ལོའི་འཛམ་གླིང་གི་མ་འཇོག་སྙན་ཞུའི》ནང་2022ལོར་གོ་ལ་ཧྲིལ་པོའི་ཕྱི་རྒྱལ་གྱི་ཐད་ཀའི་མ་འཇོག་12%ཆག་པ་མ་ཟད། འདི་ལོ་སྔར་བཞིན་ཆག་ཉེན་ཆེ་ཙམ་ཡོད་པ་བསྟན་ཡོད། 2022ལོའི་ཟླ་1པོ་ནས་ཟླ་9པའི་བར་རང་རྒྱལ་གྱིས་དངོས་སུ་སྤྱད་པའི་ཕྱི་དངུལ་གྱི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་1ལྷག་ཙམ་ཟིན་ནས་སྒོར་དུང་ཕྱུར་10037.6ཟིན་ཏེ་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད། ན་ནིང་དུས་མཚུངས་ཀྱི་གཞི་གྲངས་ཅུང་མཐོ་བའི་གནས་ཚུལ་འོག འདི་ལོའི་ཟླ་1པོ་ནས་ཟླ་9པའི་བར་མ་དངུལ་ནང་འདྲེན་གྱི་གཞི་ཁྱོན་ཆག་ཡོད་མོད། འོན་ཀྱང་སྔར་བཞིན་ལོ་རྒྱུས་ཀྱི་མཐོ་བའི་ཚད་དུ་གནས་ཡོད་ཅེས་བརྗོད་པ་རེད།

    ཉིན་དེར་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་ད་དུང་མངོན་པ་ལྟར་ན། ལས་རིགས་ནས་བལྟས་ན། བཟོ་སྐྲུན་ལས་རིགས་ཀྱིས་དངོས་སུ་སྤྱད་པའི་ཕྱི་དངུལ་སྒོར་དུང་ཕྱུར་2624.1ཟིན་པ་དེ་དུས་མཚུངས་ལས་2.4%འཕར་བའི་ནང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱིས་དངོས་སུ་སྤྱད་པའི་ཕྱི་རྒྱལ་གྱི་མ་དངུལ་དུས་མཚུངས་ལས་12.8%འཕར་ཡོད་པ་རེད། སྨན་བཅོས་ཡོ་བྱད་སྒྲིག་ཆས་དང་དེ་བཞིན་དཔྱད་ཆས་བཟོ་སྐྲུན་ལས་རིགས་དང་གློག་རྡུལ་དང་འཕྲིན་གཏོང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་དུས་མཚུངས་ལས་37.1%དང་21.5%སོ་སོར་འཕར་ཡོད། ཞབས་ཞུའི་ལས་རིགས་ཀྱིས་དངོས་སུ་སྤྱད་པའི་ཕྱི་དངུལ་སྒོར་དུང་ཕྱུར་6302.3ཟིན་པ་དེ་དུས་མཚུངས་ལས་15.0%ཆག་པ་དང་། ཨར་སྐྲུན་ལས་རིགས་དང་། ཞིབ་འཇུག་གསར་སྤེལ་དང་ཇུས་འགོད་ཞབས་ཞུའི་ཁྱབ་ཁོངས་སུ་དངོས་སུ་སྤྱད་པའི་ཕྱི་དངུལ་དུས་མཚུངས་ལས་46.3%དང་10.2%སོ་སོར་འཕར་བ། ཡོང་ཁུངས་ནས་བལྟས་ན་ཧྥ་རན་སེ་དང་། དབྱིན་ཇི། ཁ་ན་ཏ། སུའེ་ཙེར། ཧོ་ལན་བཅས་ཀྱིས་ཀྲུང་གོར་དངོས་སུ་མ་འཇོག་བྱེད་ཚད་དུས་མཚུངས་ལས་121.7%དང་། 116.9% 109.2% 76.9% 32.6%བཅས་སོ་སོར་འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།