སྡེ་ཚན་གཉིས་ཀྱིས་བྱ་ཐབས་ཡོངས་བསྒྲགས་བྱས་ནས་དྲོད་ཁང་གི་རླངས་པ་རང་མོས་ཉུང་གཏོང་གི་ཉོ་ཚོང་ཚད་ལྡན་དུ་གཏོང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན། གསར་འགོད་པར་སྐྱེ་ཁམས་ཁོར་ཡུག་པུའུ་ནས་ཤེས་རྟོགས་བྱུང་བར། སྐྱེ་ཁམས་ཁོར་ཡུག་པུའུ་དང་། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས《དྲོད་ཁང་གི་རླངས་པ་རང་མོས་ཉུང་གཏོང་ཉོ་ཚོང་གི་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》མཉམ་དུཡོངས་བསྒྲགས་བྱས་ནས། རྒྱལ་ཡོངས་ཀྱི་དྲོད་ཁང་གི་རླངས་པ་རང་མོས་ཕྱིར་འབུད་ཉུང་གཏོང་ཉོ་ཚོང་དང་འབྲེལ་ཡོད་ཀྱི་བྱེད་སྒོ་ཚད་ལྡན་དུ་བཏང་ཡོད་པ་རེད།
བྱ་ཐབས་འདི་ནི་རྒྱལ་ཡོངས་ཀྱི་དྲོད་ཁང་གི་རླངས་པ་རང་མོས་ཕྱིར་འབུད་ཉུང་གཏོང་གི་ཉོ་ཚོང་ཁྲོམ་ར་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་འགན་ལེན་བྱེད་པའི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་ཤིག་རེད། བྱ་ཐབས་ནང་རང་མོས་ཕྱིར་འབུད་ཉུང་གཏོང་གི་ཉོ་ཚོང་དང་དེའི་འབྲེལ་ཡོད་བྱེད་སྒོའི་ལྷུ་ཚིགས་ཁག་ལ་གཏན་འབེབས་བཟོས་ནས་རྣམ་གྲངས་ཀྱི་དོ་བདག་དང་། ཞིབ་བཤེར་དང་ཞིབ་དཔྱད་སྒྲིག་གཞི། དེབ་སྐྱེལ་ཐོ་འགོད་སྒྲིག་གཞི། ཉོ་ཚོང་སྒྲིག་གཞི་སོགས་ཕྱོགས་ཁག་གི་ཁེ་དབང་དང་། འོས་འགན། བཅའ་ཁྲིམས་ཀྱི་འགན་འཁྲི་བཅས་དང་། དེ་བཞིན་རིམ་ཁག་སྐྱེ་ཁམས་ཁོར་ཡུག་གཙོ་སྐྱོང་སྡེ་ཚན་དང་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱི་དོ་དམ་འགན་འཁྲི་ཁ་གསལ་བསྟན་ཡོད་པ་རེད།
བྱ་ཐབས་དེས་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་གྱི་དམིགས་ཚད་ལ་ཞབས་འདེགས་ཞུ་རྒྱུ་རྩ་བའི་དམིགས་ཡུལ་དུ་བྱས་ནས། “རང་མོས”ཀྱི་ངོ་བོ་འབུར་དུ་ཐོན་པར་བྱས་པ་དང་ཆབས་ཅིག ཆ་འཕྲིན་ཡོངས་བསྒྲགས་དང་ལྟ་སྐུལ་ལ་ཤུགས་སྣོན་དང་། སྤྱི་འདོམས་མཐུན་སྦྱོར་དང་གཅིག་གྱུར་དོ་དམ། རྨང་གཞི་བརྟན་གཏོང་དང་གོམ་པ་རིམ་བགྲོད། རྒྱལ་ནང་ལ་གཞི་ཚུགས་པ་དང་རྒྱལ་སྤྱི་དང་འབྲེལ་མཐུད་སོགས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཡོད་པ་རེད།
གསར་འགོད་པར་ཤེས་རྟོགས་བྱུང་བར། རྒྱལ་ཡོངས་ཀྱི་དྲོད་ཁང་གི་རླངས་པ་རང་མོས་ཕྱིར་འབུད་ཉུང་གཏོང་གི་ཉོ་ཚོང་ཁྲོམ་ར་དང་རྒྱལ་ཡོངས་ཀྱི་ཐཱན་ཕྱིར་འབུད་དབང་ཆ་ཉོ་ཚོང་ཁྲོམ་ར་གཉིས་ལས་རང་རྒྱལ་གྱི་ཐཱན་ཉོ་ཚོང་མ་ལག་གྲུབ་ཡོད། རང་མོས་ཕྱིར་འབུད་ཉུང་གཏོང་གི་ཉོ་ཚོང་ཁྲོམ་ར་སྤྱོད་འགོ་ཚུགས་རྗེས། སྤྱི་ཚོགས་ཀྱི་བྱེད་པོ་ཁག་གིས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རང་བརྟེན་དང་རང་མོས་ངང་དྲོད་ཁང་གི་རླངས་པ་ཕྱིར་འབུད་ཉུང་གཏོང་རྣམ་གྲངས་གསར་སྤེལ་བྱེད་ཆོག་པ་དང་། རྣམ་གྲངས་ཀྱི་ཕྱིར་འབུད་ཉུང་གཏོང་གི་ཕན་འབྲས་ལ་ཚན་རིག་དང་མཐུན་པའི་བྱ་ཐབས་སྤྱད་དེ་ཚད་བཅད་ཞིབ་བསྡུར་བྱས་པ་དང་ཆབས་ཅིག་རེ་ཞུ་ཐོ་འགོད་བྱས་རྗེས། ཁྲོམ་རར་བཙོངས་ནས་དེ་མཚུངས་ཀྱི་ཕྱིར་འབུད་ཉུང་གཏོང་གི་ལེགས་སྐྱེས་ཁེ་ཕན་ཐོབ་ཐབས་བྱེད་ཆོག་གི་ཡོད། རང་མོས་ཕྱིར་འབུད་ཉུང་གཏོང་གི་ཉོ་ཚོང་ཁྲོམ་ར་སྤྱོད་འགོ་ཚུགས་པ་དེས་ནགས་ལས་ཐཱན་འདུས་དང་། བསྐྱར་སྐྱེས་རུང་བའི་ནུས་རྒྱུ། ཅ་ཝན་ཕྱིར་འབུད་ཉུང་གཏོང་། ནུས་རྒྱུ་བསྲི་ཚགས་དང་ཕན་འབྲས་ཆེ་རུ་གཏོང་བ་སོགས་ཀྱི་རྣམ་གྲངས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུར་ཕན་པ་ཡོད་པ་དང་། རྒྱ་ཁྱབ་དེ་བས་རྒྱ་ཆེ་བའི་ལས་རིགས་དང་། ཁེ་ལས། སྤྱི་ཚོགས་ལས་རིགས་ཁག་བཅས་དྲོད་ཁང་གི་རླངས་པ་ཕྱིར་འབུད་ཉུང་གཏོང་གི་བྱ་སྤྱོད་ལ་ཞུགས་པར་སྐུལ་མ་གཏོང་རྒྱུར་ཕན་པ་ཡོད། དེས་དཔལ་འབྱོར་དང་སྤྱི་ཚོགས་ལྗང་མདོག་ཐཱན་ཉུང་གི་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་ཐུབ་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་དགེ་མཚན་ལྡན་པའི་དོན་སྙིང་ལྡན་ཡོད་པ་རེད།