དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་བོད་ས་མཐོ་ནས་ཁྲེང་ཏུའུ་ཐང་གཤོངས་བར་གྱི“ས་གྲོལ་མཉམ་ལས”ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     རྩོམ་པ་པོ།  ཤེ་ཅའོ།   |     སྤེལ་དུས།  2023-10-24

    སི་ཁྲོན་ཞིང་ཆེན་ཏེ་དབྱང་གྲོང་ཁྱེར་མེན་ཀྲུའུ་རུ་གནས་པའི་ཏེ་དབྱང་དང་རྔ་པའི་སྐྱེ་ཁམས་དཔལ་འབྱོར་ཐོན་ལས་གླིང་ཁུལ(ཏེ་རྔ་ཐོན་ལས་གླིང་ཞེས་བསྡུས་པ)དུ་བོད་རིགས་བུད་མེད་ལས་བྱེད་པ་མཁའ་འགྲོ་མཚོས་གླིང་ཁུལ་གྱི་རེས་སྐོར་གསར་པའི་ཤོང་ཚད་ཆེ་རུ་གཏོང་བའི་རྨང་གཞིའི་རྒྱུ་ཆ་གྲ་སྒྲིག་བྱེད་བཞིན་མཆིས། ཁོ་མོའི་རྒྱབ་ཕྱོགས་ནི་ཏེ་དབྱང་གྲོང་ཁྱེར་དང་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་དབར་དུ་ཆགས་པའི་འགྱིང་ངེར་གནས་པའི་ལུང་མོན་རི་རྒྱུད་རེད།

    “ངའི་སློབ་ཆེན་གྱི་ཆེད་ལས་ནི་ཉེར་སྤྱོད་རྫས་འགྱུར་རིག་པ་ཡིན་སྟབས། ལི་གློག་གཙོ་བོར་བྱེད་པའི་ཏེ་རྔ་ཐོན་ལས་གླིང་ཁུལ་ནི་ངའི་ལས་སྟེགས་ཡག་ཤོས་རེད”1992ལོར་སྐྱེས་པའི་མཁའ་འགྲོ་མཚོ་ནི་སི་ཁྲོན་རྔ་པ་ཀྲོའུ་ཁྲོ་ཆུ་རྫོང་ནས་ཡིན་པ་དང་། ཁོ་མོས་རང་ཉིད་ཀྱི་ཆེད་ལས་ལ་བརྟེན་ནས་ས་མཐོའི་ཕ་ཡུལ་དང་ཐང་གཤོངས་གྲོང་ཁྱེར་གྱི“ས་གྲོལ་མཉམ་ལས”ལ་ལེགས་སྐྱེས་འབུལ་ཐུབ་པར་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།

    ཅི་ཞིག་ལ“ས་གྲོལ་མཉམ་ལས”ཟེར་རམ། ཏེ་རྔ་ཐོན་ལས་གླིང་ཁུལ་དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ལི་ཁྲོན་གྱིས“ས་གྲོལ་མཉམ་ལས”ནི་མཚོ་བོད་ས་མཐོའི་རྔ་པ་ཀྲོའུ་དང་ཁྲེང་ཏུའུ་ཐང་གཤོངས་ཀྱི་ཏེ་དབྱང་གྲོང་ཁྱེར་གྱིས་མཉམ་དུ་མ་དངུལ་བཏོན་ཅིང་ཕན་ཚུན་ལས་བྱེད་པ་མངགས་ནས་ཏེ་དབྱང་གྲོང་ཁྱེར་ཁོངས་སུ་ཐོན་ལས་གླིང་ཁུལ་སྐྲུན་པ་དང་། རྔ་པ་ཀྲོའུ་ཡི་ལི་གཏེར་གྱི་ཐོན་ཁུངས་སྤྱོད་པ། རྔ་པ་ཀྲོའུ་ཡི་གློག་ཤུགས་གཟིགས་སྐྱོང་སྲིད་ཇུས་བེད་སྤྱོད་བཅས་བྱས་ནས་འཕེལ་རྒྱས་གྲུབ་འབྲས་ཕྱོགས་གཉིས་པོས་མཉམ་སྤྱོད་བྱེད་པར་ཟེར་ཞིང་། དེ་ནི་ས་མཐོའི་མི་རིགས་ས་ཁུལ་དང་ཉེ་འཁོར་གྱི་ཐང་གཤོངས་གྲོང་ཁྱེར་ཆེན་པོའི་དབར་དཔལ་འབྱོར་ཁུལ་དང་སྲིད་འཛིན་ཁུལ་འོས་འཚམ་ལོགས་སུ་དབྱེ་བ་དང་འཕེལ་རྒྱས་ཀྱི་རྒྱུ་རྐྱེན་གཙོ་བོ་ཕན་ཚུན་གསབ་རེས་བྱེད་པའི་འཚོལ་ཞིབ་གལ་ཆེན་ཞིག་རེད།

    ལི་ཁྲོན་ནི་རྔ་པ་ཀྲོའུ་ཡིས་མངགས་པའི་ཁྲུའུ་རིམ་པ་གཞོན་པའི་ཆའང་རིགས་ཀྱི་ལས་བྱེད་པ་ཞིག་ཡིན་པ་དང་། ཏེ་རྔ་ཐོན་ལས་གླིང་ཁུལ་དུ་ལས་ཀ་བྱས་ནས་ལོ་8སོང་ཞིང་། ཁོང་གིས་རྔ་པ་ཀྲོའུ་མཚོ་བོད་ས་མཐོའི་ཤར་ལྷོའི་མཚམས་དང་འཕྲེད་རྒྱུག་རི་རྒྱུད་ཀྱི་བྱང་སྣེ། སི་ཁྲོན་ནུབ་བྱང་གི་རི་མཐོའི་གྲོག་རོང་གི་འབྲེལ་མཚམས་བཅས་སུ་གནས་ཤིང་། དེའི་མཐོ་ས་ནི་ས་བབ་མཐོ་ཚད་སྨི་3500ནས་སྨི་4000བར་གྱི་ས་མཐོའི་ན་ཁ་ཡིན་པ་དང་། མཚོ་བོད་ས་མཐོ་ནས་ཁྲེང་ཏུའུ་ཐང་གཤོངས་བར་གྱི་བར་བརྒལ་ཁུལ་ནི་གཡང་གཟར་གྱི་རི་མཐོ་གྲོག་རོང་ཡིན་པས། མཐོ་དམན་གྱི་ཧེ་བག་ཆེ་བ་དང་ཐང་གཤོངས་ཉུང་ཉུང་རེད་ཅེས་བཤད། རྔ་པ་ཀྲོའུ་ནི་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་རྩྭ་གསོ་ཁུལ་གལ་ཆེན་ཞིག་ཡིན་ཞིང་། དེ་ནི་དོམ་ཁྲའི་སྲོག་ཆགས་གཙོ་བོར་བྱས་པའི་རྩི་ཤིང་རྩ་ཆེན་གྱི་ཁྱིམ་གཞིས་ཡིན་པས་སྐྱེ་ཁམས་ཀྱི་རིན་ཐང་མངོན་གསལ་དོད་པོ་ཡོད། དེར་བརྟེན་བཟོ་ལས་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་མཐུན་སྦྱོར་དང་། ས་མཐོ་དང་ཐང་གཤོངས་ཀྱི་མཐུན་སྦྱོར། གྲོང་ཁྱེར་ཆེན་པོ་དང་མི་རིགས་ས་ཁུལ་དབར་གྱི་མཉམ་ལས་བཅས་ལ་བསམ་གཞིག་བྱེད་པའི“ས་གྲོལ་མཉམ་ལས”འདམ་ག་ཡག་ཤོས་སུ་གྱུར་ཡོད།

    རྒྱལ་ཁབ་ཀྱི་ཐཱན་གཉིས་དམིགས་ཚད་ཀྱིས་ཁྲིད་སྟོན་བྱས་པའི་ནུས་རྒྱུ་གསར་པའི་ཚ་རླབས་ལ་དམིགས་ཏེ་2015ལོར་ཏེ་རྔ་ཐོན་ལས་གླིང་ཁུལ་དངོས་སུ་སྐྲུན་འགོ་ཚུགས་ནས་ཀྲི་ཡོན་ལི་གཏེར་ལས་རིགས་དང་སི་ཐེ་རུའེ་ལི་གཏེར་ལས་རིགས་སོགས་ཁེ་ལས་39སྔ་རྗེས་སུ་དེར་ཞུགས་པ་རེད།

    བཅའ་སྡོད་ཁེ་ལས་ཤིག་གི་འགན་འཁུར་བས“རྒྱལ་ཁབ་ཀྱིས་ཆོག་མཆན་སྤྲད་པའི་རྫས་འགྱུར་བཟོ་ལས་གླིང་ཁུལ་ཞིག་གི་ངོས་ནས་ཏེ་རྔ་ཐོན་ལས་གླིང་ལ་ཞུགས་རྗེས་གཅིག་ནས་ཀྲོའུ་ནང་ཁུལ་གྱི་སྐྱེ་ཁམས་ཤོང་ཚད་དང་ལས་ཡུལ་གྱི་དཀའ་གནད་བསལ་བ་དང་། གཉིས་ནས་ཐང་གཤོངས་དུའང་ས་བབ་མཐོ་བའི་མི་རིགས་ས་ཁུལ་གྱི་གཟིགས་སྐྱོང་གློག་རིན་ལོངས་སྤྱོད་ཐུབ་ཡོད། ན་ནིང་སྲིད་ཇུས་དེའི་ཁེ་སྤོགས་ཁོ་ནས་ཁེ་ལས་ཀྱི་མ་གནས་དམའ་རུ་གཏོང་ཚད་སྒོར་ཁྲི་2000ཙམ་ཟིན་པ། གསུམ་ནས་བཙོ་སྦྱང་གི་ཟུར་སྣོན་རྒྱུ་ཆ་ས་མཐོར་དབོར་བའི་གྲོན་དངུལ་གྲོན་ཆུང་ཐུབ་པ། བཞི་ནས་མི་ཤུགས་ཐོན་ཁུངས་བསྡུ་ལེན་ལ་ཕན་ཐོགས་པ་དང་ས་མཐོར་ལས་མི་བསྡུ་དཀའ་བས་ཐང་གཤོངས་སུ་བབས་རྗེས་བཟོ་གྲྭ་ཡོངས་སུ་ལས་བཟོ་900ལྷག་ཙམ་བསྡུས་ཏེ་ལས་མི་སྤྱོད་དཀའ་བའི་ཁ་ཚ་དགོས་གཏུགས་ཀྱི་དཀའ་གནས་བསལ་བ་རེད”ཅེས་ཁོག་རྩིས་ཞིབ་ཕྲ་བརྒྱབ་ནས་བཤད།

    ཉམས་མྱོང་ལ་ཕྱོགས་སྡོམ་ཟམ་མི་ཆད་པར་བྱས་པ་བརྒྱུད“ས་གྲོལ་མཉམ་ལས”ཀྱི་འཁོར་སྐྱོད་བྱེད་སྟངས་འཐུས་སྒོ་ཚང་དུ་ཕྱིན་ཞིང་། 2022ལོར་ཏེ་རྔ་ཐོན་ལས་གླིང་ཁུལ་གྱི་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་204ཟིན་པ་དང་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར་12.2ཟིན་ཡོད་པ་ལས། རྔ་པ་ཀྲོའུ་ལ་དཔྱ་ཁྲལ་སྒོར་དུང་ཕྱུར་8ལྷག་ཙམ་བགོ་བཤའ་བརྒྱབ་པ་དེས་ཀྲོའུ་ཡོངས་ཀྱི་ཁྲལ་བསྡུའི་བསྡོམས་འབོར་གྱི་ལྔ་ཆ་གཅིག་ཙམ་བཟུང་ཡོད།

    ཏེ་རྔ་ཐོན་ལས་གླིང་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཡེ་ཐའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔའི་བར། ཏེ་རྔ་ཐོན་ལས་གླིང་ཁུལ་དུ་ལོ་རེར་ཏུན་ཁྲི་6ཐོན་པའི་རྨང་གཞིའི་ལི་ཚྭའི་ཐོན་ནུས་ཆགས་པ་དེས་རྒྱལ་ཡོངས་ཀྱི་ཐོན་ནུས་ཀྱི་བཅུ་ཆ་གཅིག་ལྷག་ཙམ་བཟུང་ནས་རྒྱལ་ནང་དུ་ནུས་པ་མངོན་གསལ་དོད་པོ་ཐོན་འགོ་ཚུགས་ཏེ་ཐོན་ལས་འཁོར་འབྲེལ་གྱི་གོང་འོག་ཁེ་ལས་གཅིག་སྡུད་ཡོང་བར་སྔར་བས་ཡིད་དབང་འགུག་ཐུབ་ཡོད། སི་ཁྲོན་ཤིན་རུའེ་ཧེང་ལི་ནུས་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སིས་མ་དངུལ་སྒོར་དུང་ཕྱུར་20བཏང་བའི་ལོ་རེར་ལིན་སྐྱུར་ལྕགས་ལི་ཏུན་ཁྲི་8ཐོན་པའི་རྣམ་གྲངས་དང་སི་ཁྲོན་འཕེལ་རྒྱས་ལུང་མང་མ་རྐང་ཚད་ཡོད་ཀུང་སིས་མ་དངུལ་སྒོར་དུང་ཕྱུར་120བཏང་བའི་ལོར་ནུས་རྒྱུ་གསར་པའི་རྒྱུ་ཆ་ཏུན་ཁྲི་20དང་ལིན་སྐྱུར་ལྕགས་ཏུན་ཁྲི་20ཐོན་པའི་རྣམ་གྲངས་སོགས་ལ་གཅིག་རྗེས་གཉིས་མཐུད་ངང་གན་རྒྱ་བཞག་ནས་སྐུལ་འདེད་བཏང་བ་རེད།

    གོམ་སྟབས་རྗེས་མར་ང་ཚོས་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོར་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་གི་ཡིན། ང་ཚོས་གླིང་ཁུལ་གྱི་སྤྱིའི་རྣམ་པར་བརྟེན་ནས་ས་མཐོ་དང་ཐང་གཤོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་དམིགས་བསལ་གྱི་སྐྱེ་ཁམས་ལེགས་ཆ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་ནུས་རྒྱུ་གསར་པའི་གོ་ལ་ཧྲིལ་པོའི་འགྲན་རྩོད་ལ་ཞུགས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་ཡེ་ཐའོ་ཡིས་མདུན་ལམ་སྐོར་གླེང་སྐབས་གདེང་ཚོད་ཆེན་པོས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།