མཚོ་སྔོན་གྱི་སྲིད་ཇུས་རང་བཞིན་གྱི་ནགས་ཚལ་འགན་བཅོལ་ལས་དོན་གྱིས་ནགས་ལས་རྒྱུན་མཐུད་འཕེལ་རྒྱས་ལ་རམ་འདེགས་བྱས་པ།
སྐྱེ་ཁམས་བདེ་འཇགས་འགན་ལེན་དང་། ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་། ནགས་ལས་འཛུགས་སྐྲུན་གྱི་གྲུབ་འབྲས་བརྟན་དུ་གཏོང་བ། ནགས་ལས་གཉེར་སྐྱོང་གི་ཉེན་ཁ་ཆུང་དུ་གཏོང་བ། ནགས་ལས་ཞིང་པའི་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་གཏོང་བ། ནགས་ལས་རྒྱུན་མཐུད་འཕེལ་རྒྱས་འགན་ལེན་སོགས་མཚོ་སྔོན་གྱི་ནགས་ཚལ་འགན་བཅོལ་ལས་དོན་ལ་ལོ་13འཚོལ་ཞིབ་དང་ཉམས་མྱོང་བསགས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་གྱི་ནགས་ཚལ་འགན་བཅོལ་ལས་དོན་དང་འཚམ་པའི་ལས་རིམ་ཞིག་རིམ་བཞིན་ཆགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2013ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་ནགས་ཚལ་འགན་བཅོལ་རྒྱལ་ཁབ་ཀྱི་ནགས་ཚལ་འགན་བཅོལ་སྲིད་ཇུས་རང་བཞིན་གྱི་ཁ་གསབ་ཚོད་ལྟའི་ཁྱབ་ཁོངས་སུ་བཅུག་ཅིང་། འགན་བཅོལ་ལ་ཞུགས་ཁྱོན་2009ལོའི་སྤྱི་ཆིང་ཁྲི་2དང་འགན་བཅོལ་གྲོན་དངུལ་སྒོར་ཁྲི་52.5ནས་2023ལོའི་སྤྱི་ཆིང་ཁྲི་258.5དང་འགན་བཅོལ་གྲོན་དངུལ་སྒོར་ཁྲི་6003.37བར་མང་དུ་ཕྱིན་ཡོད། འགན་བཅོལ་ལ་ཞུགས་མཁན་བྱེད་པོ་ནགས་སྐྱོང་ཞིང་པ་དང་། ནགས་ལས་མཉམ་ལས་ཁང་། ནགས་ལས་ཁེ་ལས། ནགས་ཚལ་སྤྱི་གླིང་། རང་བྱུང་སྲུང་སྐྱོང་ཁུལ། དེ་བཞིན་གཞུང་ཁོངས་ནགས་ར་སོགས་རིགས་ཡོངས་ཀྱི་ནགས་ལས་ཐོན་སྐྱེད་གཉེར་སྐྱོང་བྱེད་པོར་ཁྱབ་ཡོད་པ་དང་། ནགས་ཚལ་འགན་བཅོལ་ཉེན་ཁའི་འགན་སྲུང་བྱེད་ནུས་གྲོན་དངུལ་སྒོར་དུང་ཕྱུར་1.5ནས་སྒོར་དུང་ཕྱུར་388.115བར་མང་དུ་ཕྱིན་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། ཁྱབ་རྒྱ་དང་གཏིང་ཟབ་ཚད་ཐད་ནགས་ཚལ་འགན་བཅོལ་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་ཆབས་ཅིག མཚོ་སྔོན་གྱིས་ཚན་རིག་དང་མཐུན་པའི་ངང་གྲོན་ཚད་གཏན་འཁེལ་བྱས་ནས་གྲོན་ཚད་འགན་ལེན་གྱི་ཚད་གཞི་མཐོ་རུ་འོས་འཚམ་བཏང་ཡོད། འགན་བཅོལ་གུན་གསབ་ཀྱིས་ནགས་སྐྱོང་ཞིང་པ་དང་ནགས་རའི་གེགས་རྗེས་ཐོན་སྐྱེད་སླར་གསོར་མ་དངུལ་གྱི་འགན་ལེན་གལ་ཆེན་བྱས་ཡོད། གཞན་ཡང་། གནོད་འཚེའི་གུན་གསབ་ཚད་གཞི་མཐོ་རུ་གཏོང་ཆེད། ཞིང་ཆེན་ནགས་ལས་རྩྭ་ཐང་ཅུས་ཀྱིས“རང་འགུལ་དང་། མགྱོགས་མྱུར། ཡང་དག ལུགས་མཐུན”བཅས་ཀྱི་རྩ་དོན་གཞིར་བཟུང་། གུན་གསབ་རིགས་གཅིག་མཁས་ཅན་མཛོད་བཙུགས་ནས་གུན་གསབ་མགྱོགས་མྱུར་སྤྲོད་པར་ལག་རྩལ་གྱི་འདེགས་སྐྱོར་ཆེན་པོ་བྱས་ཡོད་པ་རེད།