དུས་ཚིགས་དང་པོ་ནས་གསུམ་པའི་བར་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།
གསར་འགོད་པར་ལྷ་ས་འགག་སྒོ་ནས་ཤེས་རྟོགས་བྱུང་བར། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། རང་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་76.53ཟིན་པ་དེ་དུས་མཚུངས་ལས་ལྡབ་1.3འཕར་ཞིང་། དེའི་ནང་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་71.54ཟིན་ནས་ལྡབ་1.3འཕར་བ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་5.0ཟིན་ནས་ལྡབ་1.4འཕར་ཡོད། ལྗོངས་ནང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་རྒྱུན་རྣམ་ཅན་གྱི་འཁོར་རྒྱུག་སླར་གསོ་ཐུབ་པ་དང་ཕྱི་ཕྱོགས་ཚོང་དོན་གྱི་གཞི་ཁྱོན་བརྟན་ལ་གྲུབ་ཆ་ལེགས་པའི་སྲིད་ཇུས་ཀྱི་ཕན་འབྲས་ཐོན་པ་དང་བསྟུན་ནས་དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་འཕར་ཚད་མངོན་གསལ་དོད་པོ་བྱུང་བ་མ་ཟད། འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།
དེའི་ནང་གཞིས་རྩེ་གྲོང་ཁྱེར་གྱིས་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་འཕར་བར་སྐུལ་ཁྲིད་ནུས་པ་མུ་མཐུད་ཆེ་རུ་བཏང་བ་སྟེ། ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་45.49ཟིན་ནས་ལྡབ་46འཕར་བ་དེས་དུས་མཚུངས་ཀྱི་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་རིན་ཐང་བསྡོམས་འབོར་གྱི་59.4%བཟུང་ཡོད།
དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་ལ་གཤམ་གསལ་གྱི་ཁྱད་ཆོས་མངོན་པ་སྟེ། དམངས་གཉེར་ཁེ་ལས་ཀྱི་གཏིང་ཤུགས་ཧ་ཅང་ཆེན་པོ་ཡོད་ཅིང་། དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་74.61ཟིན་པ་དེས་དུས་མཚུངས་ཀྱི་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་རིན་ཐང་བསྡོམས་འབོར་གྱི་97.5%བཟུང་བ་དང་། སྤྱིར་བཏང་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་འཕར་ཚད་ཅུང་མགྱོགས་ཤིང་། སྤྱིར་བཏང་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་58.40ཟིན་ནས་ལྡབ་1.6འཕར་བ་དེས་དུས་མཚུངས་ཀྱི་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་རིན་ཐང་བསྡོམས་འབོར་གྱི་76.3%བཟུང་བ། ཚོང་དོན་རོགས་ཟླ་གཙོ་བོའི་ཕྱིར་གཏོང་ནང་འདྲེན་གཞི་རྩའི་ཆ་ནས་བརྟན་པོ་བྱུང་ཞིང་། བོད་ཀྱིས་ནེ་པ་ལར་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་18.25ཟིན་ནས་ནེ་པ་ལའི་ཚོང་དོན་རོགས་ཟླ་ཆེ་གྲས་དང་པོའི་གནས་བབ་ཏུ་བརྟན་པོར་གནས་ཡོད།