ངམ་རིང་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས།
མང་ཚོགས་ལ་རྒྱུན་མཐུད་འབབ་འཕར་ཡོང་བར་སྐུལ་འདེད་བཏང་བ།
ངམ་རིང་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་ལས་ཞུགས་ལ་བརྟེན་ནས་ཁག་གཅིག་ལ་འབབ་འཕར་ཡོང་བ་དང་། ཐོན་ལས་ཁག་གཅིག་འཕེལ་རྒྱས་ཐུབ་རྒྱུར་སྣེ་ཁྲིད། དཀའ་ངལ་ཡོད་པའི་མང་ཚོགས་ཁག་གཅིག་ལ་རོགས་སྐྱོར། འགན་ལེན་སྲིད་ཇུས་ཀྱིས་ཁག་གཅིག་ཐ་སྐྱོང་བཅས་བྱས་པ་བརྒྱུད། མང་ཚོགས་འབབ་འཕར་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་བ་རེད། ཟླ་9པའི་བར་ངམ་རིང་རྫོང་གི་ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་13302.04ཟིན་ཡོད་པ་རེད།
ལས་ཞུགས་ཞབས་ཞུར་ཤུགས་སྣོན་དང་ལས་ཞུགས་ཐབས་ལམ་རྒྱ་སྐྱེད་ཟུང་དུ་སྦྲེལ་ནས་ཁག་གཅིག་ལས་ཞུགས་འབབ་འཕར་ཡོང་བར་འདེགས་སྐྱོར་བྱས་ཤིང་། ངམ་རིང་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་མཉམ་འབྲེལ་ཧུར་ཐག་བྱས་ནས། ཞིང་ནང་དང་མུ་ཁ་དང་། འབྲོག་ར་དང་སྦྲ་གུར་ནང་བསྐྱོད་དེ་གཅིག་སྡུད་སྒྲོག་འགྲེལ་བྱེད་པ་དང་། དྲིལ་བསྒྲགས་ལག་དེབ་སྤྲོད་པ། སྐད་འཕྲིན་གྲོགས་ཚོམ་ནང་བརྒྱུད་བསྐུར་སོགས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་བྱ་ཐབས་བརྒྱུད། ལས་ཞུགས་ལས་གཏོད་དང་དངོས་སྤྱོད་རྩལ་ནུས་གསོ་སྦྱོང་སོགས་དམངས་ཕན་སྲིད་ཇུས་སྣ་ཚོགས་ཐེངས་296སྒྲོག་འགྲེལ་ཤུགས་ཆེན་བྱས་པ་དང་དྲིལ་བསྒྲགས་དཔྱད་ཡིག་2000ལྷག་ཙམ་སྤྲད་པ་རེད།
རྨང་བརྟན་དམངས་ཕན་གྱི་གྲོན་དངུལ་གནད་སྨིན་ངང་གཏོང་བ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་གཏོང་རྒྱུ་ཟུང་དུ་འབྲེལ་ནས་མང་ཚོགས་ཁག་གཅིག་ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཤིང་། ངམ་རིང་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་ཞིང་འབྲོག་ཁུལ་གྱི་ཐོན་ཁུངས་ལེགས་ཆར་བརྟེན་ནས་ཡུལ་བབ་དང་བསྟུན་ཏེ་ཁྱད་ལྡན་ཐོན་རྫས་ལས་སྣོན་ལས་རིགས་དང་གསོ་ཚགས་ལས་རིགས་སོགས་མཉམ་སྡེབ་དཔལ་འབྱོར་རྣམ་གྲངས་འཕེལ་རྒྱས་བཏང་ནས། མང་ཚོགས་ལ་འབབ་འཕར་བརྟན་པོ་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་ཡོད། ད་ལོ་ནས་བཟུང་། ངམ་རིང་རྫོང་ལྷུན་སྡིང་གྲོང་ཚོའི་ཅོན་ཧྲན་བཞོན་མ་གསོ་ཚགས་མཉམ་ལས་ཁང་སྒྱུར་བཀོད་རིམ་སྤོར་རྣམ་གྲངས་དང་ཆུ་འོག་ཤང་སྟེང་མཐོང་གྲོང་ཚོའི་ཧོར་ལུག་གསོ་ཚགས་སྒྱུར་བཀོད་རིམ་སྤོར་སོགས་རྣམ་གྲངས་8འཛུགས་སྐྲུན་རེ་ཞུ་བྱས་པར་རྨང་བརྟན་དམངས་ཕན་གྱི་འགྲོ་གྲོན་སྒོར་ཁྲི་2168.9774བཏང་བ་རེད།
ཆ་སྒྲིག་རོགས་སྐྱོར་གཉེན་འཚོལ་དང་དམིགས་སའི་རང་བཞིན་གྱིས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་འཚམས་འདྲི་བྱ་རྒྱུ་ཟུང་དུ་འབྲེལ་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཁག་གཅིག་ལ་རོགས་སྐྱོར་བྱས་ཤིང་། ངམ་རིང་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས“4321”ཆ་སྒྲིག་རོགས་སྐྱོར་གཉེན་འཚོལ་བྱེད་སྒོ་དེ་མང་ཚོགས་ཀྱི་དབུལ་པོ་བསྐྱར་ལོག་གནས་ཚུལ་ལྟ་ཞིབ་ཚད་ལེན་ལས་དོན་གྱི་གཙོ་གནད་དུ་བརྩིས་ཏེ། རྫོང་ཡོངས་ཀྱི་གྲོང་སྡོད་ལས་བྱེད་པ་684དང་དབུལ་སྒྲོལ་དུད་ཚང་1191དབར་ཆ་སྒྲིག་བྱས་པ་རེད། གད་ཁ་གྲོང་རྡལ་ཞོལ་གྲོང་ཚོ་དང་ཆུ་འོག་ཤང་རྣམ་རྒྱལ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་རུ་ཁག་གིས་ཆ་སྒྲིག་རོགས་སྐྱོར་བྱ་ཡུལ་མང་ཚོགས་ལ་སྒོར་24000རི་བའི་འཚམས་འདྲིའི་དངོས་ཟོག་སྤྲད་པ་རེད།
བྱེད་ཐབས་གནད་སྨིན་ངང་བཟོ་བ་དང་གཞི་རྩའི་དམངས་འཚོ་འགན་སྲུང་གི་མཐའ་ཚད་བརྟན་སྲུང་ཟུང་དུ་འབྲེལ་ནས་འགན་ལེན་སྲིད་ཇུས་ཀྱིས་ཁག་གཅིག་ཐ་སྐྱོང་བྱས་ཤིང་། ངམ་རིང་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་གྲོང་ཚོ“ཨུ་ལྷན་གཉིས”ཚན་ཁག་ལ་གཞོགས་འདེགས་ཀྱིས་དབུལ་པོ་བསྐྱར་ལོག་སྔོན་འགོག་གི་རྗེས་འདེད་ལྟ་ཞིབ་ཚད་ལེན་ཡག་པོ་བྱས་པ་དང་། གནད་སྨིན་འགན་ལེན་དང་རིགས་དབྱེ་འགན་ལེན། “དུད་ཚང་རེར་སྲིད་ཇུས་རེའི”གསལ་རྟོགས་གཱ་450ལྷག་ཙམ་འཐུས་སྒོ་ཚང་དུ་བཏང་བ་དང་། དབུལ་སྒྲོལ་མི་འབོར་བརྟན་པོའི་ངང་འབབ་འཕར་ཡོང་བར་ཤུགས་རྐྱེན་ཐེབས་པའི་མངོན་གསལ་དོད་པའི་གནད་དོན་དང་ཉེན་ཁའི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་ཤེས་རྟོགས་ཀྱིས་དབུལ་པོ་བསྐྱར་ལོག་སྔོན་འགོག་བྱེད་ཐབས་63བཟོས་ཏེ། རིམ་པ་དང་རིགས་དབྱེ་ནས་རོགས་སྐྱོར་བྱས་ཏེ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱས་པ་རེད།