དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-10-22

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་20ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པ་དང་འབྲེལ་ལས་དོན་འཚམས་འདྲི་གནང་མཁན་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ལོ་10ཡི་རིང་ཀྲུང་གོ་དང་ལོ་སིའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ཐད་འཕེལ་རིམ་གལ་ཆེན་ཟམ་མི་ཆད་པར་ཐོན་ཡོད། དེང་གི་འཛམ་གླིང་ལ་ཟང་ཟིང་སྣ་ཚོགས་ཐོན་པ་དང་ལོ་བརྒྱའི་འགྱུར་ལྡོག་ཆེན་པོ་མགྱོགས་སུ་འགྲོ་བཞིན་ཡོད་པའི་རྒྱབ་ལྗོངས་འོག་ཀྲུང་ལོའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་དུས་རབས་ཀྱི་རིན་ཐང་དང་འཐབ་ཇུས་ཀྱི་དོན་སྙིང་སྔར་བས་ལྡན་ཁར་དགེ་མཚན་ལྡན་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པའང་ལྡན་ཡོད། ཀྲུང་ལོ་ཕྱོགས་གཉིས་པོས་ཀྲུང་ལོའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ལོ་ལྔའི་བྱ་སྤྱོད་འཆར་གཞི་གསར་པར་མིང་རྟགས་འགོད་པ་དམ་འཛིན་བྱ་གཞིར་བྱས་ནས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ནང་དོན་གསར་པ་བསྣན་ཏེ་ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་དེ་བཞིན་དར་རྒྱས་གོང་འཕེལ་ལ་སྒུལ་ནུས་གསར་པ་སྣོན་དགོས།

    ཞི་ཅིན་ཕིང་གིས། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་ནི་ཀྲུང་ལོའི་འབྲེལ་བའི་ངོ་བོའི་ཁྱད་ཆོས་ཤིག་རེད། ཀྲུང་ལོའི་ཏང་གཉིས་ཀྱིས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་མུ་མཐུད་ཆེ་རུ་གཏོང་བ་དང་། སྲིད་སྐྱོང་ནུས་པ་ཆེ་རུ་གཏོང་བ། ཆབ་སྲིད་དང་ཁྲིམས་སྒྱུར་གྱི་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་འབྲེལ་གཏུག་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ཀྲུང་ལོ་ལྕགས་ལམ་གྱི་མི་མངོན་པའི་སྟོབས་ཤུགས་གཏིང་ཟབ་བསྔོགས་ནས་ལྕགས་ལམ་ལམ་རྒྱུད་གསར་སྤེལ་གཙོ་གནད་དུ་བྱས་ཏེ་ཀྲུང་ལོའི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་གཏོང་བ་དང་། ས་ཁོངས་འབྲེལ་མཐུད་འཕེལ་རྒྱས་ཀྱི་བསམ་བཀོད་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས་ས་ཁུལ་དེ་གའི“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་རྣམ་པ་བསྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས་ལོ་སིའི་དཔལ་འབྱོར་འཕེལ་རྒྱས་ལ་མུ་མཐུད་ནུས་པས་ལྕོགས་ཚོད་ཀྱི་རོགས་རམ་བྱས་ནས་ཀྲུང་གོའི་ཁེ་ལས་དེ་བས་མང་བས་ལོ་སིར་མ་དངུལ་འཇོག་པར་ལྕག་སྐུལ་དང་། ལོ་སིའི་ཞིང་ལས་ཐོན་རྫས་སྤུས་ལེགས་སྔར་བས་མང་བ་ནང་འདྲེན། ཀྲུང་གོ་དང་ལོ་སིའི་ནུས་རྒྱུའི་གཏེར་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ་བཅས་བྱེད་འདོད་ཡོད། སང་ལོ་ལོ་སི་ཡིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་གྱི་ཡོད་པས། ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ལ་ལོ་སི་ཕྱོགས་ཀྱིས་ནུས་པ་སྔར་བས་ཆེ་བ་འདོན་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།