དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

    《དངུལ་ཆད་གཅོད་པའི་དོན་ཚན་ཁག་གཅིག་མེད་པར་བཟོ་བ་དང་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་རྒྱལ་ སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས》དང《མི་ལུས་དབང་པོ་ཞལ་འདེབས་འབུལ་བ་དང་སྤོ་བའི་སྲོལ་ཡིག (བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-10-22

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་20ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས《དངུལ་ཆད་གཅོད་པའི་དོན་ཚན་ཁག་གཅིག་མེད་པར་བཟོ་བ་དང་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས》དང《མི་ལུས་དབང་པོ་ཞལ་འདེབས་འབུལ་བ་དང་སྤོ་བའི་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། ཆད་གཅོད་དོན་ཚན་དང་དངུལ་ཆད་ཀྱི་ཚད་གཞི་ནན་པོ་བཟོ་བ་ནི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་གཉེར་སྐྱོང་མ་གནས་དམའ་རུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད། དངུལ་ཆད་མུ་མཐུད་ཉུང་དུ་བཏང་ནས་ཁྲིམས་གཏན་འཁེལ་བའི་དབང་ཚད་ལས་འགལ་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མི་མཐུན་པ། བྱ་ཐབས་གཞན་དག་སྤྱད་དེ་ཚད་ལྡན་དོ་དམ་བྱེད་པ་བཅས་ཀྱི་དངུལ་ཆད་ཉུང་དུ་གཏོང་དགོས་རིགས་ངེས་པར་དུ་ཉུང་དུ་གཏོང་དགོས།

    སྲིད་འཛིན་ཆད་གཅོད་ཀྱི་ཁྲིམས་ཐག་རང་གཅོད་ཀྱི་དབང་ཚད་ནན་པོ་ཚད་ལྡན་བཟོས་ནས་དངུལ་ཆད་གང་བྱུང་གཅོད་རིགས་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཐུན་སྦྱོར་བཅོས་སྐྱོང་དང་མཉམ་འབྲེལ་ཆད་གཅོད་བསླབ་འདོམས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཆད་གཅོད་ཀྱིས་དོ་དམ་གྱི་ཚབ་བྱེད་པ་དང་ཆད་པ་བཅད་དྲགས་པ་སོགས་ཀྱི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ། སྤྱི་ཚོགས་ལ་ཐེར་འདོན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཁེ་ལས་ལ་ཕན་པའི་སྲིད་ཇུས་སྣ་ཚོགས་ཀྱི་ཕན་འབྲས་ཞན་དུའམ་ཡང་ན་ཆུང་དུ་མི་འགྲོ་བར་བྱེད་དགོས། ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་འདོམས་ལ་ཤུགས་ཆེན་པོ་རྒྱག་པ་དང་། ལྟ་འདོམས་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ། ལྟ་འདོམས་ཀྱི་གོ་རིམ་ཚད་ལྡན་དུ་གཏོང་བ། ལྟ་འདོམས་ཀྱི་ནུས་ཕྱོད་ཆེ་རུ་གཏོང་བ། བདེ་འཇགས་ཐོན་སྐྱེད་དང་། ཚེ་སྲོག་བདེ་ཐང་། ཐོན་རྫས་ཀྱི་སྤུས་ཚད་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ལྟ་འདོམས་ལས་དོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས། ཚོགས་འདུའི་ཐོག་གྲོས་ཞིབ་བྱས་པར་གཞིགས་ན། ད་ཐེངས་སྲིད་འཛིན་ཁྲིམས་སྲོལ་དང་སྡེ་ཚན་གྱི་སྒྲིག་སྲོལ་ཁྲོད་ཀྱི་དངུལ་ཆད་དོན་ཚན་33མེད་པར་བཟོ་བ་དང་ལེགས་སྒྲིག་བྱེད་རྩིས་ཡོད་པ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། མི་ལུས་དབང་པོ་ཞལ་འདེབས་འབུལ་བ་དང་སྤོ་བ་ནི་མི་ཡུལ་གྱི་བརྩེ་བ་ཆེན་པོ་ཞིག་རེད། དེ་ནི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་། ཚེ་སྲོག་མི་ཆོས་དང་སྤྱི་ཚོགས་དྲང་གཞག་དང་འབྲེལ་བ་ཡོད་ལ་རྒྱལ་ཁབ་གསོ་རིག་འཕེལ་རྒྱས་དང་སྤྱི་ཚོགས་ཤེས་དཔལ་ཡར་ཐོན་གྱི་མཚོན་རྟགས་གལ་ཆེན་ཞིག་ཀྱང་རེད། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་མི་ལུས་དབང་པོ་ཞལ་འདེབས་འབུལ་བ་དང་སྤོ་བའི་ལས་དོན་སྔར་བས་ཚད་ལྡན་དུ་བཏང་སྟེ། སྨན་བཅོས་སྤུས་ཚད་འགན་ལེན་དང་། མིའི་ལུས་ཁམས་བདེ་ཐང་འགན་ལེན། སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བཅས་བྱེད་དགོས། ད་ཐེངས་ཀྱི་སྲོལ་ཡིག་ལ་བཟོ་བཅོས་རྒྱག་པའི་གོ་སྐབས་དང་བསྟུན་ནས་ཁྲིམས་སྐྱོང་འགན་ལེན་ལ་ཤུགས་སྣོན་དང་། བརྒྱུད་རིམ་ཧྲིལ་པོར་ཁུངས་འདེད་དང་ལྟ་འདོམས་བྱེད་པའི་ལམ་སྲོལ་འཛུགས་པ། དབང་པོ་ཞལ་འདེབས་འབུལ་བའི་ལས་ཀའི་མ་ལག་འཛུགས་པར་ཤུགས་སྣོན། དབང་པོར་མི་ཆོས་ཀྱི་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། དབང་པོ་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བ་བཅས་བྱས་ནས་དབང་པོ་ཞལ་འདེབས་འབུལ་བ་དང་སྤོ་བའི་བྱ་གཞག་གི་སྐྱོན་བྲལ་འཕེལ་རྒྱས་ལ་འགན་ལེན་དེ་བས་ཡག་པོ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།