མི་རིགས་མཐུན་སྒྲིལ་གྱི་སྐལ་བཟང་མེ་ཏོག་རབ་ཏུ་བཞད།
ངམ་རིང་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།
ཉེ་བའི་ལོ་ཤས་རིང་། ངམ་རིང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་དང་རྒྱུན་སྲིང་ལྷོད་མེད་ངང་མི་རིགས་མཐུན་སྒྲིལ་འཛུགས་གཏོད་ལས་དོན་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ངམ་རིང་གསར་པ་འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་ཞིག་ལ་བརྩིས་ནས། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་མི་རིགས་ཁག་གི་མང་ཚོགས་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་སྐུལ་འདེད་བཏང་ཡོད།
ལམ་བར་དུ་བརྒྱུད་པའི་ངམ་རིང་རྫོང་ཁོངས་ཀྱི་གྲོང་ཚོ་ཁག་དང་རིག་གནས་ས་ཚིགས་ཁག་ནས་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་ཟབ་མོ་ཚོར་ཐུབ་པ་མ་ཟད། ད་དུང་མི་རིགས་མཐུན་སྒྲིལ་གྱི་སྟོབས་ཤུགས་ལས་མི་རབས་ནས་མི་རབས་བར་ཤུགས་རྐྱེན་ཇི་ལྟར་ཐེབས་མིན་ཡང་མཐོང་ཐུབ།
ཚོ་སྨད་ཤང་གི་མི་རིགས་མཐུན་སྒྲིལ་འགྲེམས་ཁང་གི་ཟུར་ཞིག་ཏུ་པར་རིས་རེ་རེའི་ཐོག་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ངོ་གདོང་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར་བ་དང་ཚ་སོབ་སོབ་ཀྱི་དྲོ་སྐྱིད་ལྡན་པའི་རྣམ་པ་འཁོད་ཡོད།
ཆུ་འོག་ཤང་སེང་གེ་སྒང་གྲོང་ཚོའི་ལོ་རྒྱུས་ཁང་དུ་དངོས་རྫས་དང་དཔྱད་ཡིག་རེ་རེ་ལས་ལྟ་སྐོར་བ་དེའི་རྒྱབ་ངོས་ཀྱི་གཏམ་རྒྱུད་ཉན་པར་ཡོང་རྒྱུའི་ཡིད་དབང་བཀུག་པ་དང་། མི་རིགས་མཐུན་སྒྲིལ་གྱིས་འཚོ་བར་འགྱུར་ལྡོག་གསར་པ་བྱུང་བའི་དཔང་པོ་བྱེད་པ། མི་རིགས་མཐུན་སྒྲིལ་ལ་མཐོང་ཆེན་བྱེད་པའི་གལ་ཆེའི་རང་བཞིན་ཚོར་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་སེམས་གཏིང་ལ་ཟུག་པ་བཅས་བྱུང་ཡོད།
ངམ་རིང་རྫོང་ལྟ་བུའི་ས་རྒྱ་ཆེ་ལ་མི་འབོར་ཉུང་བའི་རྩྭ་ཐང་གི་དབུས་སུ་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ལ་འཐུས་ཤོར་ཕྱིན་མེད། གྲོང་ཚོའི་བོད་རྒྱ་སྐད་ཡིག་གསོ་སྦྱོང་འཛིན་གྲྭར་ཚང་མས་སློབ་སྦྱོང་ཚོགས་ཆུང་བཙུགས་ཏེ“གཅིག་གཏད་གཅིག”དང“མང་གཏད་གཅིག”གི་ཐོག་ནས་རྒྱལ་ཁབ་ཀྱི་སྤྱི་སྐད་སློབ་སྦྱོང་བྱེད་པ་དེས་མི་རིགས་ཁག་གི་མང་ཚོགས་མཉམ་དུ་སྡོད་པ་དང་། མཉམ་དུ་སློབ་སྦྱོང་བྱེད་པ། མཉམ་དུ་ལས་ཀ་བྱེད་པ། མཉམ་དུ་ཡར་རྒྱས་འགྲོ་བ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།
མཐུན་སྒྲིལ་འབད་འཐབ་ནི་མི་རིགས་ཁག་དར་རྒྱས་གོང་འཕེལ་ཡོང་བའི་སྒུལ་ཤུགས་ཆེན་པོ་ཡིན། དར་རྒྱས་གོང་འཕེལ་ནི་མི་རིགས་ཁག་མཐུན་སྒྲིལ་འབད་འཐབ་ཀྱི་རྨང་གཞི་བརྟན་པོ་ཞིག་ཡིན། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་བྱུང་ན། མི་རིགས་ཁག་གི་མི་དམངས་ཀྱིས་གཞི་ནས་བདེ་སྐྱིད་ཁམས་བཟང་གི་འཚོ་བ་སྐྱེལ་ཐུབ།
ངམ་རིང་རྫོང་གྲོང་གི་ཐང་ཆེན་དུ་མི་རིགས་མཐུན་སྒྲིལ་གྱི་རྡོ་རིང་འགྱིང་ངེར་གནས་ཤིང་། ཉིན་ལྟར་དགོང་མོར་རྫོང་གྲོང་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་རང་འགུལ་ངང་དེ་གར་ཡོང་ནས་སྐད་གསང་མཐོ་བའི་གླུ་དབྱངས་དང་ལྡེམ་ལྡེམ་འཁྱུག་འཁྱུག་གི་གར་སྟབས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱེད་ཀྱི་ཡོད།
འོན་ཀྱང་ལོ་འགའི་གོང་ལ་འདི་ལྟ་བུའི་རྣམ་པ་མཐོང་རྒྱུ་མེད།
“ང་རང་ཆུང་དུས་སུ་པཱ་ལགས་རྫོང་གྲོང་དུ་བསྐྱོད་པར་ཟླ་ཕྱེད་ཙམ་འགོར་གྱི་ཡོད། ལམ་བར་དུ་གཅན་གཟན་འཕྲད་པའི་འཇིགས་སྣང་དང་གནམ་གཤིས་བཟང་ངན་སྣ་ཚོགས་འཕྲད་ཀྱི་ཡོད། ལྷག་པར་དུ་དགུན་ཁ་ཁང་པའི་ནང་དུ་འཁྱགས་ནས་དྲོ་སྐྱིད་ཀྱི་སྣང་བ་བྱུང་མྱོང་མེད”ཅེས་ཆུང་བྱིས་པའི་དུས་ཀྱི་འཚོ་བར་ཕྱིར་དྲན་བྱེད་བཞིན་ཁུང་ལུང་ཤང་གི་འབྲོག་པ་ཕུར་བུ་རྒྱལ་པོས་བརྗོད།
“རྗེས་སུ་རྫོང་དུ་བོད་སྐྱོར་ལས་བྱེད་པ་སོགས་འཛུགས་སྐྲུན་པ་མང་པོ་ཡོང་ནས་ང་ཚོར་དཔལ་འབྱོར་འཕེལ་རྒྱས་གཏོང་རོགས་དང་ཕ་ཡུལ་འཛུགས་སྐྲུན་བྱེད་རོགས་བྱས་པས། རྫོང་གྲོང་དང་ཤང་གྲོང་རྡལ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད”ཅེས་རྫོང་གྲོང་གི་འགྱུར་ལྡོག་སྐོར་གླེང་སྐབས་ཕུར་བུ་རྒྱལ་པོའི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར། ཁོང་གིས“ད་ཆ་རྫོང་གྲོང་དུ་རྒྱ་རིགས་སྤུན་ཟླས་གཉེར་བའི་སྒོ་རྩིས་ཚོང་ཁང་དང་ཧུད་རིགས་སྤུན་ཟླས་བཙུགས་པའི་ཟ་ཁང་སོགས་མང་པོ་ཡོད་པས་འཚོ་བར་ཧ་ཅང་སྟབས་བདེ་པོ་འདུག ཁྲོམ་གཞུང་གཡས་གཡོན་དུ་སྔོ་ལྗང་ལྗོན་ཤིང་བཏབ་ཡོད་པ་དང་འགྲོ་ལམ་གཙང་སྦྲ་དོད་ལ་གྲལ་འགྲིག་པས། དངོས་གནས་སྐྱིད་པོ་འདུག”ཅེས་བརྗོད།
མིག་སྔའི་བར་ངམ་རིང་རྫོང་གིས་གྲོང་ཁྱེར་རིམ་པའི་དཔེ་བཟང་ཚན་པ་12དང་རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་དཔེ་བཟང་ཚན་པ་1བཏོད་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རང་སྐྱོང་ལྗོངས་རིམ་པའི་དཔེ་སྟོན་ས་ཚིགས་8བཏོད་ཡོད། ཞིང་འབྲོག་ཁུལ་གྱི་མི་རིགས་མཐུན་སྒྲིལ་ལ་སྟོབས་ཤུགས་གཅིག་སྒྲིལ་གྱི་བྱ་སྤྱོད་ཤུགས་ཆེན་སྤེལ་བ་དང་། གཏོགས་ཁོངས་རྣམ་གྲངས་ཀྱི་སྐུལ་ཁྲིད་ནུས་པ་འདོན་པ། འཛད་སྤྱོད་ཀྱིས་སྐུལ་ཁྲིད་དང་། ལས་མི་བཀོལ་སྤྱོད་འགན་ལེན། འཕྲུལ་ཆས་བོགས་གཏོང་སོགས་ལ་མཐུན་སྦྱོར་ཞབས་ཞུ་མུ་མཐུད་ཡག་པོ་བསྒྲུབས་ནས་ས་གནས་དེ་གའི་འཕྲུལ་ཆས་དང་སྒྲིག་ཆས་45བེད་སྤྱོད་བྱས་པ་དང་ས་གནས་དེ་གའི་ཞིང་འབྲོག་པ་42གླས་པས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་220ལྷག་ཙམ་བྱུང་ཡོད།
སེ་འབྲུ་ཆུང་ཆུང་ཡིན་ཡང་ཚང་མ་རྡོག་བུ་གཅིག་ཏུ་བསྒྲིལ་ཡོད། ཏང་གི་མི་རིགས་སྲིད་ཇུས་ཀྱི་ཁྲིད་སྟོན་འོག་མི་སེམས་འགུལ་བའི་གཏམ་རྒྱུད་དང་ལྷག་བསམ་ཟོལ་མེད་ཀྱི་སྐད་ཆ་རེ་རེ་ལས་ངམ་རིང་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྣམ་པ་རེ་རེ་བཞིན་མངོན་ཡོད།
ངམ་རིང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་མགོན་པོས་གསར་འགོད་པར། ངམ་རིང་རྫོང་གིས་ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་མཐའ་འཁྱོངས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་དེ་རྨང་གཞིའི་རང་བཞིན་གྱི་བྱ་གཞག་ལ་བརྩིས་ནས་དམ་འཛིན་ཡག་པོ་བྱས་ཡོད་ལ། མི་རིགས་ཁག་གི་ལས་བྱེད་པ་དང་། མང་ཚོགས། གྲྭ་བཙུན། སློབ་མ་བཅས་སྒྲིག་འཛུགས་བྱས་ནས་རིག་གནས་རོལ་རྩེད་ཀྱི་བྱེད་སྒོ་དང་རྩལ་ནུས་ལག་ཤེས་འགྲན་བསྡུར་རྒྱ་ཁྱབ་བྱས་ནས་མི་རིགས་ཁག་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བར་སྐུལ་འདེད་བཏང་ཡོད་ལ། ཀྲུང་ཧྭ་མི་རིགས་དེ་བས་བསྟུན་མཁས་དང་གོང་བུ་འགྲིལ་ཤུགས་དེ་བས་ཆེ་བའི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་ཕྱོགས་སུ་སྐྱོད་པ་དང་། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན་པ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་པར་སྐུལ་འདེད་བཏང་ཡོད་ཅེས་བརྗོད་པ་རེད།