རང་ལྗོངས་ཀྱི་བྱ་ཐབས་ཁག་གཉིས་ལ་བཟོ་བཅོས་བརྒྱབ་པ།
མ་མཐའི་འཚོ་བ་འགན་ལེན་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་འགན་ལེན་ཁྱབ་ཁོངས་འོས་འཚམ་རྒྱ་ཆེར་བཏང་བ།
ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཀྱིས་གསར་དུ་བཟོ་བཅོས་བརྒྱབ་པའི《བོད་རང་སྐྱོང་ལྗོངས་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་རོགས་སྐྱོབ་དང་བསྙེན་བཀུར་བྱ་ཐབས》དང《བོད་རང་སྐྱོང་ལྗོངས་ཀྱི་མ་མཐའི་འཚོ་བའི་འགན་ལེན་ལག་བསྟར་བྱ་ཐབས》ནང་གཞི་རྩའི་དམངས་འཚོ་འགན་ལེན་གྱི་མཐའ་ཚད་ཐ་སྐྱོང་བརྟན་པོ་དང་འཕྱུགས་མེད་བྱེད་པའི་དམིགས་ཚད་བླང་བྱར་དམིགས་ཏེ་མ་མཐའི་འཚོ་བ་འགན་ལེན་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་འགན་ལེན་ཁྱབ་ཁོངས་འོས་འཚམ་ངང་རྒྱ་ཆེར་བཏང་བ་མ་ཟད། མ་མཐའི་འཚོ་བ་འགན་ལེན་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་རོགས་སྐྱོབ་དང་བསྙེན་བཀུར་གྱི་ཞིབ་དཔྱད་ཁས་ལེན་བརྒྱུད་རིམ་ལེགས་སུ་དང་འཐུས་སྒོ་ཚང་དུ་བཏང་བ་རེད།
ལྗོངས་དམངས་སྲིད་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། གསར་དུ་བཟོ་བཅོས་བརྒྱབ་པའི《བོད་རང་སྐྱོང་ལྗོངས་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་རོགས་སྐྱོབ་དང་བསྙེན་བཀུར་བྱ་ཐབས》ནང“ངལ་རྩོལ་ནུས་པ་མེད་པའི”དབང་པོ་སྐྱོན་ཅན་གྱི་རིགས་དང་རིམ་པ་རྒྱ་ཆེར་འོས་འཚམ་བཏང་ནས། སྔར་ཡོད་ཀྱི་རྨང་གཞིའི་ཐོག“རིམ་གསུམ་དང་རིམ་བཞིའི་རིག་སྟོབས་དང་སྨྱོ་ནད་ཕོག་པའི་དབང་པོ་སྐྱོན་ཅན”ཁ་སྣོན་བྱས་ནས་གོང་གསལ་གྱི་དབང་པོ་སྐྱོན་ཅན་དག་ངལ་རྩོལ་ནུས་པ་མེད་པར་ཁས་ལེན་བྱས་པ་དང་། “ངལ་རྩོལ་ནུས་པ་མེད་པའི”ལོ་ཚད་ཀྱི་ཆ་རྐྱེན་འོས་འཚམ་ངང་ལྷུག་ཏུ་བཏང་ནས“ཡུན་རིང་རིགས་གསུམ་པའི་ཁུལ་དུ་སྡོད་མཁན་གྱི་ལོ་ཚད་དེ་ལོ་58བར་ལྷུག་ཏུ་བཏང་བ་དང་རིགས་བཞིའི་ཁུལ་གྱི་ལོ་ཚད་དེ་ལོ་55བར་ལྷུག་ཏུ་བཏང་བ”དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་ཁྲོད་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་ལོ་ཚད་ལོ་16ཧྲིལ་པོ་ནས་ལོ་18ཧྲིལ་པོ་བར་རིང་དུ་བཏང་བ་དང་། “འཚོ་བའི་ཡོང་ཁུངས་མེད་པའི”ཁས་ལེན་ཆ་རྐྱེན་འཐུས་སྒོ་ཚང་དུ་བཏང་བ། “ཁྲིམས་གཏན་འཁེལ་བའི་འོས་འགན་འཁུར་མིར་འོས་འགན་འཁུར་ནུས་མེད་པའི”ཁས་ལེན་ཆ་རྐྱེན་ལྷུག་ཏུ་འོས་འཚམ་བཏང་སྟེ་དེ་སྔའི་ཁས་ལེན་ཁྱབ་ཁོངས་ཀྱི་རྨང་གཞིའི་ཐོག་རང་ཉིད་ཀྱི་ཡོང་འབབ་ས་གནས་དེ་གའི་ལོ་འཁོར་གོང་མའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལས་དམའ་བ་ཡོད་པ་མ་ཟད། དེའི་རྒྱུ་ནོར་ས་གནས་དེ་གའི་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་རྒྱུ་ནོར་གནས་ཚུལ་གྱི་གཏན་འབེབས་དང་མཐུན་པའི་ལོ་70ཡན་གྱི་རྒན་རྒོན་དང་། དེ་བཞིན་རིག་སྟོབས་དང་སྨྱོ་ནད་ཕོག་པའི་དབང་པོ་སྐྱོན་ཅན་དང་དབང་པོ་སྐྱོན་ཅན་ཚབས་ཆེན་གཞན་དག་བཅས་དང་། དམིགས་བསལ་དཀའ་ངལ་ཡོད་པའི་རོགས་སྐྱོབ་འདུན་ཞུར་ཞིབ་དཔྱད་བྱེད་པའི་དུས་ཚོད་ཐུང་དུ་འོས་འཚམ་བཏང་ནས་བརྟག་དཔྱད་ཞིབ་བསྡུར་དང་ཞིབ་དཔྱད་གཏན་འཁེལ་གྱི་དུས་བཀག་ཚང་མ་ལས་ཡུན་ཉིན་20ནས་ལས་ཡུན་ཉིན་15བར་ཐུང་དུ་བཏང་བ། རོགས་སྐྱོབ་དང་བསྙེན་བཀུར་གྱི་ཚད་གཞི་ཚད་ལྡན་དུ་བཏང་སྟེ་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་འཚོ་བ་རང་མགོ་ཐོན་ཚུལ་ལ་གཞིགས་ནས་འཚོ་བ་རང་མགོ་ཐོན་ཐུབ་པའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་ཟླ་རེར་ལྟ་རྟོག་དང་ནད་གཡོག་བྱེད་པའི་ཚད་གཞི་ནི་ལོ་འཁོར་གོང་མའི་བོད་ཀྱི་མ་མཐའི་གླ་ཕོགས་ཚད་གཞིའི་10%ཡིན་པ་དང་། ནུས་པ་ཕྱེད་ཙམ་ཤོར་བའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་ཟླ་རེར་ལྟ་རྟོག་དང་ནད་གཡོག་བྱེད་པའི་ཚད་གཞི་ནི་ལོ་འཁོར་གོང་མའི་བོད་ཀྱི་མ་མཐའི་གླ་ཕོགས་ཚད་གཞིའི་30%ཡིན་པ། ནུས་པ་རྦད་དེ་ཤོར་བའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་ཟླ་རེར་ལྟ་རྟོག་དང་ནད་གཡོག་བྱེད་པའི་ཚད་གཞི་ནི་ལོ་འཁོར་གོང་མའི་བོད་ཀྱི་མ་མཐའི་གླ་ཕོགས་ཚད་གཞིའི་50%ཡིན་པ་བཅས་རེད།
གསར་དུ་བཟོ་བཅོས་བརྒྱབ་པའི《བོད་རང་སྐྱོང་ལྗོངས་ཀྱི་མ་མཐའི་འཚོ་བ་འགན་ལེན་ལག་བསྟར་བྱ་ཐབས》ནང་མ་མཐའི་འཚོ་བ་འགན་ལེན་ཁྱབ་ཁོངས་འོས་འཚམ་ངང་རྒྱ་ཆེར་བཏང་བ་དང་། རིག་སྟོབས་དབང་པོ་སྐྱོན་ཅན་དང་། སྨྱོ་ནད་ཕོག་པའི་དབང་པོ་སྐྱོན་ཅན་དང་དེ་བཞིན་དབང་པོ་སྐྱོན་ཅན་གྱི་རིམ་པ་དང་པོ་དང་གཉིས་པ་ཡིན་པའི་དབང་པོ་སྐྱོན་ཅན་ཚབས་ཆེན་གཞན་དག་གམ་ཡང་ན་མ་མཐའི་འཚོ་བ་འགན་ལེན་གྱི་མཐར་ལུས་ཁྱིམ་ཚང་གི་ནད་གཞི་ལྕི་རིགས་དང་ཧ་ཅང་ཚབས་ཆེན་ཕོག་མཁན་གྱིས་མ་མཐའི་འཚོ་བ་འགན་ལེན་གྱི་འདུན་ཞུ་ལོགས་སུ་འབུལ་ཆོག་པ་དང་། རེ་ཞུ་བདག་སྤྲོད་བྱེད་པ་ནས་ཞིབ་བཤེར་གཏན་འཁེལ་དང་། གོ་རིམ། ལམ་ལུགས་ཇུས་འགོད་ཐད་གྲོང་ཁྱེར་དང་གྲོང་གསེབ་སྤྱི་འདོམས་མངོན་འགྱུར་བྱུང་བ་དང་། “མི་སྣ་འགན་ལེན་བྱེད་པ་ལས་ཁྱིམ་ཚང་འགན་ལེན་མི་བྱེད་པ”སོགས་ཀྱི་ལམ་ལུགས་ལག་བསྟར་ཐད་ཀྱི་སྐྱོན་ཆ་ཡོ་བསྲང་བྱས་པ། ཞིབ་བཤེར་གཏན་འཁེལ་གྱི་བརྒྱུད་རིམ་སྟབས་བདེ་རུ་དང་ཐག་གཅོད་དུས་ཚོད་ཐུང་དུ་བཏང་ཡོད། དམངས་གཙོའི་དཔྱད་མོལ་གྱི་ལྷུ་ཚིགས་སྟབས་བདེ་རུ་བཏང་བ་དང་མ་མཐའི་འཚོ་བའི་འགན་ལེན་གྱི་ཞིབ་དཔྱད་གཏན་འཁེལ་གྱི་ལས་དོན་དེ་བདག་སྤྲོད་བྱས་ཉིན་ནས་བཟུང་གི་ལས་ཡུན་ཉིན་30ཡི་ནང་ཚུན་དུ་ལེགས་སྒྲུབ་བྱེད་དགོས་པ་དང་དམིགས་བསལ་གནས་ཚུལ་འོག་ལས་ཡུན་ཉིན་45བར་ནར་འགྱངས་བྱེད་དགོས་པ་ཁ་གསལ་བཏོན་ཡོད།